
ཟླ7པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྐབས་གཉིས་པའི་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མའི་སྡེ་ཆེན་རྩེད་རའི་རྩེད་དཔོན་འདུ་འཛོམས་སྨོན་ལམ་མཐོན་པོའི་སྒར་འདེབས་རྟེན་གཞིར་འཚོགས་ཡོད།
འདུ་འཛོམས་སྟེང་དུ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་བསྡུར་སྐབས་དང་པོ་ནས་བརྒྱད་པའི་བར་གྱི་ཨང་དང་པོ་ཐོབ་མཁན་གྱི་གླུ་པ་གླུ་མ16དང་། བོད་ལྗོངས་དང་སི་ཁྲོན། ཀན་སུའུ་སོགས་ཀྱི་ལ་གཞས་སྒྱུ་རྩལ་པ་གྲགས་ཅན8བཅས་ཁྱོན་མི24གདན་འདྲེན་ཞུས་ཡོད་ཅིང་། གདན་ཞུའི་གླུ་བ་གླུ་མ་ཡོད་ཚད་མདོ་དབུས་ཁམས་གསུམ་གྱི་ལ་གཞས་སྒྱུ་རྩལ་ཁྱབ་ཁོངས་ཀྱི་རྩེར་སོན་འབའ་ཞིག་ཡིན། ཁོང་ཚོ་སྨོན་ལམ་མཐོན་པོའི་འདབས་སུ་མཉམ་འཛོམས་གནང་ནས། མང་ཚོགས་ལ་ངག་རིག་སྒྱུ་རྩལ་གྱི་ལྟད་མོ་གྱ་ནོམ་པ་ཞིག་མིག་གི་ལོངས་སྤྱོད་དང་རྣ་བའི་བདུད་རྩིར་ཕུལ་ཡོད།
རི་མཐོན་པོ་ཡོད་ན་དམའ་མོ་བྱོས། ། ང་བྱ་རྒྱལ་ཁྱུང་ཆེན་འཕུར་རྒྱུ་ཡིན། ། ནང་མིང་སྲིང་ཡོད་ན་ཁ་ཁ་བྱོས། ། ངས་སྲིད་པའི་སྒྲུང་ཆེན་ལེན་རྒྱུ་ཡིན། ། ཞེས་པའི་དབྱངས་རྟ་དང་བསྟུན་ནས་ད་ཐེངས་ཀྱི་ངག་རིག་གི་དགྱེས་སྟོན་འདིའི་འགོ་བརྩམས་ཡོད།
ལ་གཞས་ནི་བོད་ཀྱི་དམངས་ཁྲོད་སྒྱུ་རྩལ་ཁྲོད་ཀྱི་སྐར་མ་འོད་ཆེན་ཞིག་ཡིན་པའི་ཆ་ནས། 2006ལོར་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་པ་དང་། མཚོ་སྔོན་པོའི་མཐའ་འཁོར་གཙོ་བྱས་པའི་མཚོ་སྔོན་དང་ཀན་ལྷོ། རྔ་བ་སོགས་སུ་དར་ཁྱབ་ཤིན་ཏུ་ཆེ་ལ། སྡེ་བའམ་ཁྱིམ་ཚང་ལས་རིང་དུ་གྱེས་པའི་རི་མགོ་དང་གཞོན་ནུ་ཕོ་མོ་ཚོགས་སར་སྐད་ངག་འགྱུར་ཁུག་གི་དབྱངས་ལ་དྲངས་ནས་གཞོན་ནུ་ཕོ་མོའི་བརྩེ་དུང་མཚོན་པའི་ངག་རིག་གི་སྒྱུ་རྩལ་ཞིག་ཡིན། ཚེག་བར་དྲུག་མ་དང་བདུན་མ་ཅན་རྒྱུག་ཆེ་ཞིང་། ཤོ་ལོ་ཀ་རེ་རེར་དཔེ་དང་དཔེ་ཅན་གཉིས་ཀྱིས་གྲུབ་ཡོད། གཞས་ཚིག་ཏུ་བོད་མིའི་བརྩེ་དུང་ལྟ་བ་དང་། མཛེས་རིག་ལྟ་བ། མི་གཤིས་ལྟ་བ། འཇིག་རྟེན་ལྟ་བ། ཀུན་སྤྱོད་ལྟ་བ་སོགས་ཡོད་པས། བོད་ཀྱི་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་ཁྲོད་ཀྱི་ནོར་བུ་རྩ་ཆེན་ཞིག་ཡིན།
སྨོན་ལམ་མཐོན་པོ་ནི་མཚོ་སྔོན་པོའི་བྱང་ངོགས་ཀྱི་རིག་གནས་ཀྱི་མཚོན་རྟགས་གལ་ཆེན་ཞིག་སྟེ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་ལོ་རྒྱུས་དན་རྟགས་ཤིག་དང་། ལ་གཞས་གཙོ་བོར་བྱས་པའི་དམངས་ཁྲོད་སྒྱུ་རྩལ་དར་སའི་ལྟེ་གནས་ཤིག་ཀྱང་ཡིན། ད་ཐེངས། སྡེ་ཆེན་རྩེད་རའི་རྩེད་དཔོན་འདུ་འཛོམས་སྨོན་ལམ་མཐོན་པོའི་འདབས་རོལ་དུ་འཚོགས་པ་དེ་ཡང་མཚོ་བྱང་གིས་བོད་ཀྱི་ལ་གཞས་རིག་གནས་རྒྱུན་འཛིན་དང་། ལ་གཞས་སྒྱུ་རྩལ་པ་སྐྱེད་སྲིང་ཆེད་དུ་ཡིན་པ་མ་ཟད། “མི་རིགས་རིག་གནས་དང་སྐྱེ་ཁམས་ཡུལ་སྐོར། གསར་བརྗེའི་རིག་གནས” མཉམ་འདྲེས་གོང་འཕེལ་གྱི་འཚོལ་ཞིབ་ཅིག་དང་། ལ་གཞས་ཀྱི་ཕ་ས་ཞེས་པའི་མིང་རྟགས་ལ་བརྟེན་ནས་རིག་གནས་ཡུལ་སྐོར་གོང་འཕེལ་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཀྱང་ཡིན།