ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་ནུས་ཤུགས་ཡོད་རྒུས་ཞོད་འགོག་བྱས་ཏེ་ཡུལ་སྐོར་པའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཁག་ཐེག་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 11

ཟླ8པའི་ཚེས1ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཞོད་དུས་ཚུན་གྱི་དྲག་ཆར་འབབ་པ་སོགས་ཀྱི་སྣང་ཚུལ་མང་བར་དམིགས་ནས། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཞོད་འགོག་གནོད་སེལ་བྱ་བའི་བཀོད་སྒྲིག་བླང་བྱར་དམ་པོར་དམིགས་པ་དང་། ཞོད་འགོག་བྱ་བ་དེ་རིག་གནས་ཡུལ་སྐོར་ལས་རིགས་བདེ་འཇགས་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོར་བརྩིས་ཏེ། ནུས་ཤུགས་ཡོད་རྒུས་ཞོད་འགོག་བྱ་བ་སྣ་ཚོགས་ལེགས་པོར་བསྒྲུབས་ཏེ། ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་ཞོད་དུས་ཀྱི་བདེ་འཇགས་བརྟན་བརླིང་ལ་ཁག་ཐེག་བྱས།

ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་གནམ་གཤིས་དང་ཆུ་བེད། རང་བྱུང་ཐོན་ཁུངས་སོགས་སྡེ་ཁག་མང་པོར་མཉམ་འབྲེལ་སྒོས་དུས་ཐོག་ཏུ་གཞུང་ཕྱོགས་དྲ་རྒྱ་དང་སྐད་འཕྲིན་སྤྱི་སྟེགས་སོགས་སྟེགས་བུར་སྐོར་ཐེངས་མང་པོར་ཞོད་དུས་ཀྱི་ཡུལ་སྐོར་བདེ་འཇགས་དོགས་ཟོན་གསལ་འདེབས་དང་། མཚོ་སྔོན་ཡུལ་སྐོར་གྱི་ཤུགས་རྐྱེན་ཆེ་བའི་གནམ་གཤིས་ཉེན་ཁའི་གསལ་འདེབས་སོགས་སྔོན་བརྡ་དང་ཉེན་བརྡའི་ཆ་འཕྲིན་སོ་བཞི་བསྒྲགས། ཡུལ་སྐོར་སྡེ་ཁག་དང་འཁོར་གཏོང་ལྗོངས་རྒྱུའི་ཡུལ་སྐོར་པས་དུས་ཐོག་ཏུ་གནམ་གཤིས་སྣང་ཚུལ་ལ་དོ་སྣང་བྱེད་པར་གསལ་འདེབས་བྱས་པ་དང་། ཆར་འབབ་པའི་གནས་ཚུལ་དང་ཆུའི་གནས་ཚུལ། ས་གཤིས་གནོད་འཚེའི་འགྱུར་ལྡོག་བཅས་ལ་དོ་སྣང་བྱས་ཏེ། འགུལ་རྣམ་གྱིས་འགུལ་སྐྱོད་ལམ་ཐག་སྙོམས་སྒྲིག་བྱས་པ་དང་། ཉེན་ཁའི་ཁུལ་ཁོངས་དང་དུས་རིམ་ལ་གཡོལ་ནས། ཉེན་བརྡའི་ཆ་འཕྲིན་ཕྱོགས་ཡོངས་ལ་ཁེབས་པར་ཁག་ཐེག་བྱས།

ཚྭ་ཁ་ཚ་མཚོའི་ལྗོངས་ཁུལ་ལ་དུས་ཡུན་ཐུང་ངུར་དྲག་ཆར་ཆེན་པོ་བབས་པ་དང་ཡུལ་སྐོར་པ་ཁ་ཤས་ལྗོངས་ཁུལ་དུ་ལུས་པའི་གནས་ཚུལ་ལ་དམིགས་ནས། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་དུས་ཚོད་དང་པོར་ས་གནས་ཀྱི་རིག་གནས་ཡུལ་སྐོར་ཅུའུ་དང་ལྗོངས་ཁུལ་དང་མཉམ་དུ། མྱུར་དུ་འཕྲལ་བསྟུན་སྔོན་ཇུས་ལག་བསྟར་བྱེད་འགོ་བརྩམས་པ་དང་། འཕྲལ་བསྟུན་རྒྱང་སྒྲོག་དང་གློག་རྡུལ་བརྙན་ཤེལ། ལས་བྱེད་མི་སྣའི་ཁྲིད་སྟོན་བཅས་བརྒྱུད་དེ། དུས་ཡུན་སྐར་མ་བཅུ་དྲུག་གི་ཚུན་ལ་ཡུལ་སྐོར་པ་སྟོང་གཅིག་དང་ལྔ་བརྒྱ་ལྷག་བདེ་འཇགས་སྒོས་ཁ་འགྲེམ་བྱས། དེ་དང་མཉམ་དུ། ཁང་པའི་ནང་གི་ཉེན་གཡོལ་བྱེད་སའི་སྒོ་ཕྱེས་པ་དང་། ཆར་འགོག་ཡོ་བྱད་དང་ཆུ་ཁོལ་ལེན་པ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས། མིག་སྔའི་བར། ཞིང་ཆེན་ཡོངས་ཀྱིས་དུས་ཐོག་ནུས་ལྡན་གྱི་འཕྲལ་བསྟུན་ཐག་གཅོད་བྱེད་ཐབས་བརྒྱུད་དེ། གནམ་གཤིས་ཉེན་བརྡ་གཏོང་སྐབས་སུ་ལྗོངས་ཁུལ་བརྒྱ་དང་གཅིག་གི་སྒོ་བརྒྱབ་པ་དང་། ཡུལ་སྐོར་པར་རྨས་སྐྱོན་ཕོག་པ་དང་ཡང་ན་རྒྱུ་ནོར་ལ་གྱོང་གུན་ཐེབས་པའི་དོན་རྐྱེན་འབྱུང་བར་མཐའ་གཅིག་ཏུ་སྔོན་འགོག་བྱས།

དེ་ལས་གཞན། མི་བྱེད་པ་བཞི་དང་ཐད་ཀར་གཉིས་དང་མངོན་བཤེར་ལྐོག་འདྲི་སོགས་ཀྱི་བྱེད་ཐབས་བརྒྱུད། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་གནས་ཡུལ་གྱི་བདེ་འཇགས་ཐོན་སྐྱེད་ལ་ཞིབ་བཤེར་བྱས་པ་དང་། ལྷག་པར་དུ་ཆུ་ལ་ཐག་ཉེ་ཞིང་བྲག་རི་ལ་ཐག་ཉེ་བ། བྲག་རོང་ལ་ཐག་ཉེ་བ། རི་གཟར་ལ་ཐག་ཉེ་བ་བཅས་ཀྱིAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་དང་ཕྱི་རོལ་སྤྲོ་གསེང་གཏོང་ཡུལ། ཞིང་སྡེའི་ཡུལ་སྐོར་སྣེ་ལེན་བྱེད་ས། འཁོར་གཏོང་ལྗོངས་རྒྱུའི་ཁུལ་སོགས་ཡུལ་སྐོར་ཚོང་གཉེར་ཁུལ་གྱི་ཞིབ་བཤེར་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། གནད་དོན་ལ་སྔ་མོ་ནས་འདང་རྒྱག་པ་དང་སྔ་མོ་ནས་དོགས་ཟོན་བྱེད་པ། སྒོ་རྒྱག་པ་དང་ཚོང་གཉེར་བྱེད་མཚམས་འཇོག་པ། ལྗོངས་ཁུལ་ལས་ཕྱིར་འཐེན་བྱེད་པ། ལྗོངས་ཁུལ་ལ་སྐོར་ཞིབ་བྱེད་པ་བཅས་ཀྱི་ཞོད་འགོག་བྱེད་ཐབས་དངོས་འབེབས་ནན་མོ་བྱས་ནས། མཚམས་འཇོག་དགོས་པ་དག་ལ་མྱུར་དུ་མཚམས་འཇོག་ཏུ་བཅུག་པ་དང་། སྒོ་རྒྱག་དགོས་པ་དག་མྱུར་དུ་སྒོ་བརྒྱབ་སྟེ། སྟབས་ལེགས་ཀྱི་བསམ་ཚུལ་མི་འཛིན་པར།  རྒྱ་ཆེའི་ཡུལ་སྐོར་པའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཁག་ཐེག་བྱས།

ལྷ་མོ་འཚོས་བསྒྱུར།