
ཉེ་ལམ། ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་ནོར་སྲིད་ཐིན་སོགས་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་སྒོས་མཚོ་སྔོན་ཞིང་ཆེན་གྱི་ངེས་གཏོང་འགྲོ་སོང་ཐད་དཀའ་ཁག་ཡོད་པའི་ཁྱིམ་ཚང་ངོས་འཛིན་པའི་བྱེད་ཐབས་འགྲེམ་སྤེལ་བྱས་ཏེ། ངེས་སྤྲོད་འགྲོ་སོང་ཐད་དཀའ་ཁག་ཡོད་པའི་ཁྱིམ་ཚང་གི་ངོས་འཛིན་ཆ་རྐྱེན་དང་། ངོས་འཛིན་གོ་རིམ། རོགས་སྐྱོབ་བྱེད་ཐབས་སོགས་ཡང་བསྐྱར་ཚད་ལྡན་དུ་བཟོས་པ་དང་། དེའི་དམིགས་ཡུལ་ནི་རིམ་དབྱེ་རིགས་དབྱེའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ནས། ངོས་འཛིན་བྱ་ཡུལ་རིམ་དབྱེ་དང་གནད་འཁེལ་ངོས་འཛིན་བྱེད་ཆེད་ཡིན།
བྱེད་ཐབས་ལས། གཤམ་གསལ་གྱི་ཆ་རྐྱེན་བཞི་ཚང་བའི་མཚོ་སྔོན་ཞིང་ཆེན་གྱི་ཐོབ་ཐང་ཡིན་པའི་སྡོད་དམངས་ཀྱིས་ངེས་གཏོང་འགྲོ་སོང་ཐད་དཀའ་ཁག་ཡོད་པའི་ཁྱིམ་ཚང་གི་ངོས་འཛིན་རེ་ཞུ་བཏོན་ཆོག་པ་སྟེ། ཆེས་དམའ་བའི་འཚོ་བའི་འགན་སྲུང་དང་ཧ་ཅང་དཀའ་ཁག་ཡོད་པའི་རོགས་སྐྱོབ་གཉོར་སྐྱོང་ཁྱབ་ཁོངས་སུ་བཞག་མེད་པ་དང་། དམའ་སྲུང་མཐའ་སྲུང་ཁྱིམ་ཚང་དུ་ངོས་བཟུང་མེད་པ། མཉམ་དུ་འཚོ་བ་རོལ་བའི་ཁྱིམ་མི་མི་རེའི་ཆ་སྙོམས་ཡོང་འབབ་དེ་ལོ་སྔོན་མའི་གྲོང་ཁྱེར་དང་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱིས་བགོ་ཆོག་པའི་ཡོང་འབབ་ལས་དམའ་བ། རེ་ཞུ་བཏོན་པའི་སྔོན་གྱི་ཟླ་བཅུ་གཉིས་རིང་ལ། མཉམ་དུ་འཚོ་བ་རོལ་བའི་ཁྱིམ་མིའི་འཚོ་བ་དང་སྨན་བཅོས། སློབ་གསོ། དབང་བོ་སྐྱོན་ཅན་གྱི་ལུས་གསོའི་འགྲོ་སོང་དང་། འགྲོ་སོང་གཞན་དག་སོགས་ངེས་གཏོང་འགྲོ་སོང་གིས་ཁྱིམ་ཚང་གི་སྤྱིའི་ཡོང་སྒོ་ཁྲོད་ཀྱི་ཟིན་ཚད་བརྒྱ་ཆའི་དྲུག་ཅུ་ལས་མི་དམའ་བ། ཁྱིམ་ཚང་གི་རྒྱུ་ནོར་གནས་ཚུལ་དེ་མཚོ་སྔོན་ཞིང་ཆེན་གྱི་ཆེས་དམའ་བའི་འཚོ་བའི་འགན་སྲུང་གི་མཐའ་སྐྱོང་ཁྱིམ་ཚང་གི་སྲིད་ཇུས་ཀྱི་འབྲེལ་ཡོད་གཏན་འབེབས་དང་འཚམ་དགོས་པ་བཅས་གཏན་འཁེལ་བྱས།
བྱེད་ཐབས་ལས། ངོས་འཛིན་གོ་རིམ་ཁྲོད་ཆེས་དམའ་བའི་འཚོ་བའི་འགན་སྲུང་ཁྱིམ་ཚང་གི་རོགས་སྐྱོབ་ཞིབ་བཤེར་གཏན་འབེབས་བརྒྱུད་རིམ་སྤྱད་དེ། ངེས་གཏོང་འགྲོ་སོང་ཐད་དཀའ་ཁག་ཡོད་པའི་ཁྱིམ་ཚང་དེ་ཡོང་འབབ་དམའ་བའི་མི་འབོར་གྱི་འགུལ་རྣམ་ཚད་ལེན་ཆ་འཕྲིན་སྟེགས་བུའི་ཁྲོད་དམིགས་བསལ་གྱི་རྟགས་འགོད་པ་དང་། རྒྱུན་རྣམ་ཅན་གྱི་ཚད་ལེན་སྔོན་བརྡའི་ཁྱབ་ཁོངས་སུ་བཞག་ནས། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱིས་ངེས་གཏོང་འགྲོ་སོང་ཐད་དཀའ་ཁག་ཡོད་པའི་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པར་ཆ་འཕྲིན་ཞིབ་བཤེར་དང་དགོས་མཁོ་བརྒྱུད་བསྐུར་སོགས་ཞབས་ཞུའི་རྒྱབ་སྐྱོར་བྱས་པ་དང་། རོགས་སྐྱོབ་ཐོན་ཁུངས་གཅིག་འདོམས་འཆར་འགོད་དང་ཆ་འཕྲིན་མཉམ་སྤྱོད་མངོན་འགྱུར་བྱུང་། ངོས་འཛིན་འགྲོ་སོང་ཐད་དཀའ་ཁག་ཡོད་པའི་ཁྱིམ་ཚང་གི་འགན་སྲུང་དུས་ཡུན་ཟླ12ཡིན་ལ། དུས་ཡུན་ངེས་ཅན་ནང་། འགན་སྲུང་བྱ་ཡུལ་གྱིས་དེར་བསྟུན་གྱི་རོགས་སྐྱོར་ལོངས་སྤྱོད་བྱས་ཆོག་པ་དང་། དུས་ཡུན་ལོངས་རྗེས་ཡང་བསྐྱར་ངེས་བཟུང་རེ་ཞུ་རྒྱག་དགོས་པ་གཏན་འཁེལ་བྱས།
བྱེད་ཐབས་ལས་བསྟན་དོན། ངེས་གཏོང་འགྲོ་སོང་ཐད་དཀའ་ཁག་ཡོད་པའི་ཁྱིམ་ཚང་གི་རོགས་སྐྱོབ་བྱེད་ཐབས་ལ་སྨན་བཅོས་དང་སློབ་གསོ། སྡོད་ཁང་། ལས་ཞུགས། འཕྲལ་བསྟུན་སོགས་ཆེད་དོན་སྤྱི་ཚོགས་རོགས་སྐྱོབ་དང་གནས་སྐབས་རོགས་སྐྱོབ་ཚུད་ཡོད། ཆེས་དམའ་བའི་འཚོ་བའི་འགན་སྲུང་དང་སྦྲེལ་མཐུད་བྱས་ནས། ངེས་གཏོང་འགྲོ་སོང་ཐད་དཀའ་ཁག་ཡོད་པའི་ཁྱིམ་ཚང་གིས་དེར་བསྟུན་གྱི་ཆེད་དོན་སྤྱི་ཚོགས་རོགས་སྐྱོབ་ལོངས་སྤྱོད་བྱས་རྗེས་གཞི་རྩའི་འཚོ་བར་སྔར་བཞིན་དཀའ་ཁག་ཡོད་ཚེ། སྲིད་ཇུས་ལྟར་ཆེས་དམའ་བའི་འཚོ་བའི་འགན་སྲུང་གི་ཁྱབ་ཁོངས་སུ་བཞག་ཆོག ངེས་གཏོང་འགྲོ་སོང་ཐད་དཀའ་ཁག་ཡོད་པའི་ཁྱིམ་ཚང་གི་དབང་པོ་སྐྱོན་ཅན་དང་། ནད་ལྕི་མོ་ཕོག་པའི་ཁྱིམ་མི། སློབ་ཆེན་སློབ་མ་སོགས་དམིགས་བསལ་གྱི་དཀའ་ཁག་ཡོད་པའི་ཚོགས་པ་དེ་མི་སྒེར་གྱི་འགན་སྲུང་སྲིད་ཇུས་ལྟར་ཆེས་དམའ་བའི་འཚོ་བའི་འགན་སྲུང་གི་ཁྱབ་ཁོངས་སུ་བཞག་སྟེ། གཞི་རྩའི་འཚོ་བའི་འགན་སྲུང་ཆུ་ཚད་མཐོར་འདེགས་གཏོང་དགོས་པ་ནན་གྱིས་བསྟན།
ལྷ་མོ་འཚོས་བསྒྱུར།