
2025ལོ་ནི་ཀྲུང་གོ་དང་བལ་བོའི་བར་འབྲེལ་བ་བཙུགས་ནས་ལོ་70འཁོར་བ་ཡིན་པ་དང་། ཡུས་ཧྲུའུ་ནི་ཀྲུང་གོ་དང་བལ་བོའི་བར་སྤེལ་རེས་བྱེད་པའི་གནད་འགག་གྲོང་ཁྱེར་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཀྲུང་གོ་དང་བལ་བོའི་མཛའ་མཐུན་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱིན་ཡོད། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་རིག་གནས་སྤེལ་རེས་སྔར་བས་གཏིང་ཟབ་ཏུ་གཏོང་ཆེད། ཟླ་བརྒྱད་ཚེས་གཅིག་ཉིན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་ཧི་མ་ལ་ཡ་ལས་བརྒལ་བ་ཞེས་པའི་ཀྲུང་བལ་བར་འབྲེལ་བ་བཙུགས་ནས་ལོ70འཁོར་བའི་ཡུས་ཧྲུའུ་དང་བལ་བོའི་ཚོང་དོན་རིག་གནས་སྤེལ་རེས་བྱེད་སྒོ་ཡུས་ཧྲུའུ་གྲོང་ཁྱེར་གེ་སར་ཐང་ཆེན་དུ་སྤེལ་འགོ་ཚུགས།
འགོ་རྩོམ་མཛད་སྒོའི་འཁྲབ་སྟོན་དེ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་མདོ་འཛིན་པ་གྲགས་ཅན་ཀྲུའུ་ཞུན་གྱིས་སྣེ་ཁྲིད་ནས་གཙོ་སྐྱོང་བྱས་པ་དང་། འཁྲབ་སྟོན་དེ《ཁྱིམ་མཚེས་མཛའ་མཐུན་གྱི་སྦྲེལ་ཟམ་པ་སྐྲུན་པ》དང《ཕན་ཚུན་སློབ་སྦྱོང་དང་ཐུན་མོང་གི་གཟི་བརྗིད་དང་རིག་གནས་ཀྱི་རྨང་འདིང་བ》《འབད་པས་མདུན་དུ་སྐྱོད་དེ་དཔུང་པ་མཉམ་གཤིབ་ཀྱིས་འབྱུང་འགྱུར་བསྐྲུན་པ》ཞེས་པའི་ཡུས་ཧྲུའུ་དང་བལ་བོའི་འཁྲབ་སྟོན་པ་རྣམས་ཀྱིས་གླུ་གཞས་ཀྱིས་གངས་ཅན་ཁ་བའི་ལྗོངས་ཀྱི་མཚན་མོའི་མཁའ་དབྱིངས་ལ་རི་བོ་དང་རྒྱ་མཚོ་ལས་བརྒལ་བའི་དྲོ་སྐྱིད་ཀྱི་ཚོར་བ་ཞིག་འཕྱུར་དུ་བཅུག ལྟད་མོ་བ་རྣམས་རིག་གནས་ཀྱི་གསོལ་སྟོན་གཟབ་རྒྱས་དེའི་ཁྲོད་དུ་སིམ་པ་དང་། ཐལ་མོ་རྡེབ་པ་དང་དགའ་སྐྱིད་ཀྱི་འབོད་སྒྲ་གཅིག་རྗེས་གཉིས་མཐུད་དུ་སྒྲོག་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་གྲོགས་ནི་སྒྲ་རྟགས་རེ་རེ་དང་ཞབས་བྲོའི་གོམ་སྟབས་རེ་རེའི་ཁྲོད་དུ་ལྷིང་འཇགས་ངང་གཏིང་ཟབ་ཏུ་ཕྱིན་ཡོད།
བྱེད་སྒོའི་རིང་ཚོང་དོན་རིག་གནས་སྤེལ་རེས་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཡུས་ཧྲུའུ་ཁེ་ལས་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་དང་མཉམ་ལས་ཀྱི་དགོས་མཁོ་ངོ་སྤྲོད་བྱས་པ་དང་བལ་བོའི་མཚོ་སྔོན་ཚོང་ཚོགས་ཡུས་ཧྲུའུ་ཡན་ལག་ཚོགས་འདུའི་ཚོགས་གཙོ་ཡིས་བལ་བོའི་ཁྱད་ཆོས་ལྡན་པའི་ཐོན་ལས་དང་ཁྲོམ་རའི་དགོས་མཁོ་མཉམ་སྤྱོད་བྱས། གཞན་ཡང་ད་དུང་བལ་བོའི་འཐུས་མི་ཚོགས་པ་ཡུས་ཧྲུའུ་གྲོང་ཁྱེར་དཔལ་ཐང་ཡུལ་ཚོ་ཞོམ་འགུ་སྡེ་བ་དང་བལ་བོའི་མཚོ་སྔོན་ཚོང་ཚོགས་ཡུས་ཧྲུའུ་ཡན་ལག་ཚོགས་པ་སོགས་སུ་རྟོག་ཞིབ་དང་ལྟ་སྐོར་བྱེད་པར་གདན་འདྲེན་ཞུས། ཡུས་ཧྲུའུ་གཙང་གསུམ་འབྱུང་ཡུལ་རྒྱལ་སྤྱིའི་ཟོང་འདྲེན་ཀུང་སིས་བལ་བོའི་ཕྱོགས་སུ་རླངས་འཁོར་གཏོང་བའི་མཛད་སྒོ་སོགས་ཀྱི་བྱེད་སྒོ་སྤེལ།
ད་ཐེངས་ཀྱི་བྱེད་སྒོ་འདིས་བལ་བོ་དང་ཡུས་ཧྲུའུ་བར་གྱི་སྤེལ་རེས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་བ་དང་། ཡུས་ཧྲུའུ་ཡིས་བལ་བོའི་ཕྱི་ཕྱོགས་ཚོང་ཟོག་འགྲེམ་སྟོན་ལྟེ་གནས་བསྐྲུན་རྒྱུར་རོགས་རམ་བྱས་པ་མ་ཟད། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་སྒུལ་ཤུགས་གསར་པ་བསྣན་ཡོད།
མི་ཕམ་གྱིས་བསྒྱུར།