ལོ་སྟོད་དུ་རང་རྒྱལ་གྱི་ཁེ་ལས་ཆུང་འབྲིང་གི་སྤུས་ཚད་དང་ཕན་འབྲས་བརྟན་ཐོག་ཡར་འཕེལ་བྱུང་།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་གཞི་གྲངས་གསར་བ་ལས་མངོན་པ་ལྟར་ན། ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་ཁེ་ལས་ཆུང་འབྲིང་གི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་འཇགས་ཡིན་པ་དང་། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་ཡར་འཕར་བཞིན་ཡོད།

ལོ་སྟོད་དུ་གཞི་ཁྱོན་ཡན་གྱི་བཟོ་ལས་དང་ཁེ་ལས་ཆུང་འབྲིང་གི་འཕར་ཐང་ན་ནིང་གི་དུས་མཉམ་ལས8.0%འཕར་ཡོད། ལྷག་པར་དུ་ཆེད་ཞིབ་ཁྱད་གསར་གྱི་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ཅུང་ལེགས་ཤིང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཆེད་ཞིབ་ཁྱད་གསར་གྱི“གྱད་མི་ཆུང་བའི”ཁེ་ལས་ཀྱི་འཕར་ཐང་ན་ནིང་གི་དུས་མཉམ་ལས8.6%འཕར་བ་དང་། མ་རྐངAཡི་ཁྲོམ་རར་བཏོན་པའི་ཁེ་ལས་གསར་པའི་ཁྲོད། ཆེད་ཞིབ་ཁྱད་གསར་གྱི་ཁེ་ལས་ཆུང་འབྲིང་གི་བསྡུར་ཚད་བརྒྱ་ཆའི་བརྒྱད་ཅུ་ལས་བརྒལ་ཡོད།

བྲིན་ཚོང་གི་གནས་ཚུལ་ལ་བལྟས་ན། བཟོ་སྐྲུན་ལས་རིགས་ཀྱི་ལས་རིགས་ཆེ་གྲས31ཁྲོད་ཀྱི་ལས་རིགས19ཡི་ཁེ་ལས་ཆུང་འབྲིང་གི་ཁེ་སྤོགས་སྤྱི་འབོར་ཡར་འཕར་ཡོད། དེའི་ཁྲོད་རྩིས་འཁོར་དང་འཕྲིན་གཏོང་གློག་རྡུལ་སྒྲིག་ཆས། དེ་མིན་གློག་རླངས་འཕྲུལ་ཆས་སོགས་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཚད་ཅུང་མགྱོགས།

དེ་དང་ཆབས་ཅིག ཁེ་ལས་ཆུང་འབྲིང་གི་སྤྱི་ཡོངས་ཕྱིར་གཏོང་གི་འཕེལ་ཕྱོགས་ཀྱང་བཟང་པོ་ཡོད། ཟླ6པར། ཁེ་ལས་ཆུང་འབྲིང་གི་ཕྱིར་གཏོང་སྟོན་གྲངས52.1%ལ་སླེབས་པས། བསྟུད་མར་ཟླ15རིང་རྒྱ་སྐྱེད་ཀྱི་བར་མཚམས་སུ་གནས་ཡོད།

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་ཁེ་ལས་ཆུང་འབྲིང་འཕེལ་རྒྱས་སྐུལ་འདེད་ལྟེ་གནས་ཀྱི་ཀྲུའུ་རིན། ཝུང་ཆིས་ཝུན་གྱིས་བཤད་རྒྱུར། ལོ་སྟོད་དུ་ཁེ་ལས་ཆུང་འབྲིང་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་བརྟན་ཐོག་ཡར་འཕེལ་བྱུང་བ་དང་། “གྱད་མི་ཆུང་བའི”ཁེ་ལས་ཀྱི་འཕར་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་གཏིང་ཟབ་སྒོས་མཉམ་འདྲེས་བཏང་བ་བརྒྱུད། ཆེད་ཞིབ་ཁྱད་གསར་གྱི་ཁེ་ལས་ཧུར་ཐག་སྒོས་ཐོན་ལས་འཁོར་འབྲེལ་དང་འདྲེས་སུ་བཅུག་སྟེ། གནད་འགག་གི་ལག་རྩལ་ལ་དམ་པོར་དམིགས་པ་དང་། འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བའི་ཁྲོད་ཞུགས་པ། ཚོང་རར་ཟབ་ཞུགས་ལེགས་པོ་བཅས་བྱས་ན་བཟོ་ལས་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་ཡོང་བར་འདེགས་སྐྱོར་གྱི་ནུས་པ་ཆེན་པོ་ལྡན།

གཞན་ཡང་ཁེ་ལས་ཆུང་འབྲིང་གི་གསར་གཏོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ལོ་སྟོད་དུ། གཞི་ཁྱོན་ཡན་གྱི་བཟོ་ལས་ཆེད་ཞིབ་ཁྱད་གསར་གྱི“གྱད་མི་ཆུང་བའི”ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་འགྲོ་སོང་གིས་ལས་གཉེར་ཡོང་སྒོའི་བསྡུར་ཚད་ཀྱི5.3%བཟུང་བ་དེ་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་གནས3.1གིས་མཐོ་ཞིང་། ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་སུ་གཏོང་བའི་ནུས་པ་རིམ་བཞིན་མངོན་གསལ་དུ་གྱུར།

རྗེས་ཕྱོགས་རང་རྒྱལ་གྱིས་སྤུས་ལེགས་ཁེ་ལས་ཀྱི་སྐས་རིམ་ལྟ་བུའི་སྐྱེད་སྲིང་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། སྤུས་ལེགས་ཁེ་ལས་ཀྱིས་རང་རྟོགས་སྒོས་གསར་རྙེད་བྱེད་པའི་སྒྲིག་སྲོལ་འཚོལ་ཞིབ་དང་འཛུགས་སྐྲུན་བྱས་ཏེ། ཁེ་ལས་ཆུང་འབྲིང་གི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཀྲུང་གོའི་ཁེ་ལས་ཆུང་འབྲིང་གི་ཞབས་ཞུའི་དྲ་རྒྱ་ལེགས་པོ་གསར་འཛུགས་དང་བེད་སྤྱོད་ཡག་པོ་བྱས་ཏེ། སྤུས་ལེགས་ཞབས་ཞུའི་ཐོན་ཁུངས་སྔར་ལས་མང་པོ་གཞི་རིམ་དང་འཕེལ་རྒྱས་ཞན་པའི་ས་ཁུལ་དུ་བསྐྱོད་པར་སྐུལ་འདེད་གཏོང་རྒྱུ་རེད།