
ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བཟང་བོ་བྱེད་ཆེད། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་དམངས་ཚིས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་བརྡ་ཁྱབ་ལ་དམིགས་ནས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་གནད་ཕིགས་ཁྲིམས་བསྟར་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་སྤྱིར་བཏང་གི་བཟའ་བཅའ་དང་སྤྱིར་བཏང་གི་ཚོང་རྫས་ལ་ནད་རིགས་གསོ་བཅོས་ཀྱི་བྱེད་ནུས་ཡོད་པ་ཁྱབ་བསྒྲགས་བྱེད་པ་སོགས་ཁྲིམས་འགལ་བརྡ་ཁྱབ་གཏོང་བའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ནས་བརྡ་ཁྱབ་ཁྲོམ་རའི་ཁོར་ཡུག་སྔར་ལས་ལེགས་བཅོས་བྱས།
ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཉིས་སྟོང་ཉེར་ལྔ་ལོའི་བརྡ་ཁྱབ་ལྟ་སྐུལ་དོ་དམ་གྱི་ལས་འགན་གཙོ་བོར་དམིགས་ནས་བཟའ་བཅའ་དང་བདེ་སྲུང་དངོས་རྫས་སོགས་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཚོང་རྫས་དང་འབྲེལ་བའི་བརྡ་ཁྱབ་ཞིབ་བཤེར་བྱེད་ཡུལ་གཙོ་བོར་བྱས་ཏེ་ནད་རིགས་གསོ་བཅོས་ཀྱི་བྱེད་ནུས་ཡོད་པར་བཤད་པའི་ཁྱབ་བསྒྲགས་རྫུན་མ་འགོག་སྲུང་ནན་མོ་བྱེད་རྒྱུ་རེད། དྲ་ཐོག་གི་རིག་ནུས་ཐད་ཀྱི་ལྟ་ཞིབ་ཚད་ལེན་བརྒྱུད་དེ་སྲོལ་རྒྱུན་སྨྱན་བྱད་ཀྱིས་ཁྱབ་བསྒྲགས་བྱས་པའི་བརྡ་ཁྱབ་ལ་ཁྱོན་ཡོངས་ནས་བཤེར་འབེབས་བྱས་ནས་སྨན་བཅོས་དང་སྨན་རྫས། སྨན་བཅོས་འཕྲུལ་ཆས་བཅས་ཀྱི་རིགས་མིན་པའི་བརྡ་ཁྱབ་ཁྲོད་གསོ་བཅོས་དང་ཁམས་གསོ་སོགས་སྒྲིག་འགལ་གྱི་བརྗོད་སྟངས་ལ་ཞིབ་བཤེར་བྱས་ནས་ཁྲིམས་འགལ་བརྡ་ཁྱབ་གཅིག་ཀྱང་ཆད་ལུས་མེད་པ་དང་འགོ་ཁུངས་ནས་བརྡ་ཁྱབ་རྫུན་མར་བཀག་འགོག་བྱེད་པར་འགན་སྲུང་བྱེད་རྒྱུ་རེད།
དེ་དང་མཉམ་དུ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་དུས་ཚིགས་དང་པོའི་བརྡ་ཁྱབ་ལྟ་ཞིབ་ཚད་ལེན་ཁྲོད་ཀྱི་སྤྱིར་བཏང་གི་བཟའ་བཅའ་དང་སྤྱིར་བཏང་གི་ཚོང་རྫས་བརྡ་ཁྱབ་ཀྱི་ཁྲིམས་འགལ་ཚད་ཅུང་མཐོ་བའི་གནད་དོན་ལ་དམིགས་ནས་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་སྣོན་དང་ས་ཁུལ་སོ་སོས་ཁོངས་གཏོང་ས་ཁུལ་གྱི་ལྟ་སྐུལ་དོ་དམ་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱིས་ཚུར་སྣང་བྱས་པའི་བརྡ་ཁྱབ་རྫུན་མ་སྐོར་ཞིག་ལ་རྡུང་རྡེག་ནན་མོ་བཏང་།
དེ་ལས་གཞན། དག་ཐེར་ལེགས་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་དམངས་ཚིས་དང་འབྲེལ་བའི་ཁྱབ་ཁོངས་ཀྱི་བརྡ་ཁྱབ་ལ་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་བྱེད་ཐབས་ལག་བསྟར་བྱས་ཤིང་འབྲེལ་ཡོད་སྡེ་ཁག་བར་གྱི་མཐུན་སྦྱོར་རོགས་ལས་ལ་ཤུགས་བསྣན་ནས་མཐུན་སྦྱོར་མཉམ་བཅོས་བྱེད་ཤུགས་ཇེ་དྲག་ཏུ་བཏང་བར་མ་ཟད། བྱེད་ཐབས་སྣ་མང་བརྒྱུད་དེ་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་བ་དང་བརྡ་ཁྱབ་ཚོང་གཉེར་སྡེ་ཁག་གི་ཁྲིམས་སྲུང་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་སྟེ་ཚོང་གཉེར་མཁན་གྱིས་བཅའ་ཁྲིམས་ཀྱི་ཚད་མཐའ་བརྟན་སྲུང་བྱས་ཏེ་ལུགས་མཐུན་སྒོས་ཚོང་གཉེར་བྱ་འགུལ་སྤེལ་བར་ཁྲིད་སྟོན་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།