པེ་ཅིང་དང་ཧི་པེ་སོགས་ས་ཁུལ་གྱིས་གནོད་ཤུལ་བསྐྱར་སྐྲུན་གྱི་བྱ་བ་གོ་རིམ་ལྡན་པའི་ངང་བསྒྲུབས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

མིག་སྔར་པེ་ཅིང་དང་ཧི་པེ་སོགས་ས་ཁུལ་གྱིས་གནོད་ཤུལ་བསྐྱར་སྐྲུན་གྱི་བྱ་བ་གོ་རིམ་ལྡན་པའི་ངང་བསྒྲུབས་པར་མ་ཟད། ཞོད་འགོག་གི་བྱེད་ཐབས་སོ་སོ་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། སྐོར་ཐེངས་གསར་པའི་ཆར་འབབ་པར་ཧུར་ཐག་གིས་གདོང་གཏད།

གནོད་ཐེབས་ཚད་ཅུང་ཚབས་ཆེ་བའི་པེ་ཅིང་མིས་ཡུན་ས་ཁུལ་དུ། འཆར་འགོད་དང་རང་བྱུང་ཐོན་ཁུངས་སྡེ་ཁག་གིས་བརྙན་རིས་སོགས་ལག་རྩལ་རྒྱུ་ཆ་དང་ཟུང་འབྲེལ་བྱས་ཏེ།  ས་གཤིས་གནོད་འཚེའི་གནོད་ཐེབས་གནས་ཚུལ་ལ་སྔར་ལས་མཐིལ་རྟོགས་བྱས་ནས། རྗེས་ཕྱོགས་ཀྱི་བསྐྱར་སྐྲུན་ལ་རྨང་གཞི་ལེགས་པོ་བཏིང་། ས་གནས་ཀྱི་ཁང་པ་ཉམས་གསོ་དང་བརྟན་བཟོ། བདེ་འགོད་བྱ་བའང་གཅིག་གྱུར་གྱིས་བསྒྲུབ་བཞིན་ཡོད།

ཧི་པེ་ཡིས་གནོད་ཤུལ་བསྐྱར་སྐྲུན་གྱི་བྱ་བ་མགྱོགས་མྱུར་སྒོས་སྒྲུབ་བཞིན་ཡོད། གཞུང་ལམ་ཤར་གཏོང་བྱས་པ་དང་བསྟུན། ཉིན་འདི་འགའི་རིང་འཕྲུལ་ཆས་ཆེ་གྲས་ཀྱང་རི་ཁུལ་གྱི་ཞིང་སྡེ་བསྐྱར་སྐྲུན་ཁྲོད་ཞུགས། ལོན་ཕིང་རྫོང་དུ་གཙང་སེལ་གྱི་བྱ་བ་མགྱོགས་མྱུར་ངང་སྤེལ་བཞིན་ཡོད།

ཧི་པེ་ཀྲང་ཅ་ཁུག་དང་པའོ་ཏིན་སོགས་ས་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་ཞིང་ལས་ཐོན་སྐྱེད་སླར་གསོ་བྱེད་བཞིན་ཡོད། ཆུ་ཡིས་བསྣུམས་པའི་ས་ཞིང་ལ་དམིགས་ནས། ཧི་པེ་ཞིང་ཆེན་ཞིང་ལས་དང་ཞིང་སྡེ་སྡེ་ཁག་གིས་འབྲེལ་ཡོད་ས་ཁུལ་དུ་ཐོན་སྐྱེད་ཀྱི་འདྲེས་སྦྱོར་ལུད་རྫས་སོགས་ཞིང་སྤྱོད་རྒྱུ་ཆ་ཏུན་5000ལྷག་གཏོང་འདྲེན་བྱས་ནས། ཞིང་པར་གནོད་ཤུལ་གྱི་ས་ཞིང་དོ་དམ་བྱ་བ་ལེགས་པར་བསྒྲུབ་པར་མཛུབ་སྟོན་བྱས་པ་དང་། མྱུ་གུའི་གནས་ཚུལ་དང་ས་རྒྱུའི་བརླན་རྣམ་སླར་གསོ་བྱེད་རོགས་བྱས་ཏེ། ཚད་ངེས་ཅན་གྱི་སྟེང་ནས་གྱོང་གུད་ཇེ་ཉུང་དུ་བཏང་ཡོད།

སྐོར་ཐེངས་གསར་པའི་དྲག་ཆར་འབབ་པའི་གནམ་གཤིས་ལ་ཧུར་ཐག་གིས་གདོང་གཏད།  པེ་ཅིང་གིས་ཚེས་བཞི་ཉིན་དྲག་ཆར་གྱི་ཉེན་བརྡ་དམར་པོ་བཏང་ནས། གྲོང་ཁྱེར་ཡོངས་ཀྱི་རིམ་པ་དང་པོའི་ཞོད་འགོག་འཕྲལ་བསྟུན་དང་ལེན་བྱེད་འགོ་བརྩམས། མིག་སྔར་པེ་ཅིང་གྲོང་ཁྱེར་ཡོངས་སུ་མང་ཚོགས་བདུན་ཁྲི་དྲུག་སྟོང་ལྷག་གནས་སྤོར་བདེ་འགོད་བྱས་ཡོད། ཧི་པེ་ཡིས་མུ་མཐུད་དུ་དྲག་ཆར་གྱི་ཉེན་བརྡ་སེར་པོ་བཏང་ལ། སྔོན་དཔག་བྱས་པ་ལྟར་ན་ཚེས་བཞི་ཉིན་དང་ཚེས་ལྔ་ཉིན་གཉིས་ལ། པའོ་ཏིན་ཤར་རྒྱུད་དང་ཞུང་ཨན་ཁུལ་གསར། ལང་ཧྥང་ལྷོ་རྒྱུད། ཧྲི་ཅ་ཀྲོང་ཤར་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་འབབ་རྒྱུ་ཡིན་པས། འབྲེལ་ཡོད་ས་ཁུལ་གྱིས་ཚེས་གསུམ་ཉིན་གྱི་མཚན་མོར་གནས་སྤོར་བདེ་འགོད་ཀྱི་བྱ་བ་བསྒྲུབས། མིག་སྔར་མང་ཚོགས་སུམ་ཁྲི་ཉིས་སྟོང་གནས་སྤོར་བདེ་འགོད་བྱས་ཟིན།