ཞིང་ཆེན་ཞོད་འགོག་ཐན་འགོག་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་གིས་འབབ་ཞོད་ཆེ་བའི་འགོག་ཟོན་ལ་ཁ་གཏད་འཇལ་བའི་བྱ་བར་བཀོད་སྒྲིག་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 13

ཟླ8པའི་ཚེས4ཉིན། གསར་འགོད་པས་ཞོད་འགོག་ཐན་འགོག་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་གིས་འབྲེལ་ཡོད་ཁོངས་མི་ལས་ཁུངས་རྩ་འཛུགས་བྱས་ཏེ་བསྡུས་པའི་ཞོད་འགོག་དུས་སྐབས་ཀྱི་བདེ་འཇགས་འགོག་ཟོན་ཆེད་དོན་གྲོས་མོལ་ཞིབ་དཔྱད་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཞོད་འགོག་ཐན་འགོག་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་གིས་རེབ་འདིའི་ཆར་ཆུ་དྲག་པོའི་འགོག་ཟོན་ལ་ཁ་གཏད་འཇལ་བའི་བྱ་བར་བཀོད་སྒྲིག་བྱས་པ་དང་།    ལས་རིགས་སྡེ་ཁག་སོ་སོའི་མིག་སྔའི་བྱ་བའི་ཁྲོད་གནས་པའི་ཆད་སྐྱོན་དང་ཞན་ཆར་ཕྱོགས་ཡོངས་ནས་དབྱེ་ཞིབ་དང་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་ཞིབ་དཔྱད་ཞིབ་ཚགས་བྱས་ལ།  ནུས་ཤུགས་ཡོད་རྒུས་གསར་རྙེད་གནད་དོན་དང་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་བཏང་སྟེ།  ཆུ་ཚད་ལས་བརྒལ་བའི་བྱེད་ཐབས་ལ་བརྟེན་ནས་སྔོན་དཔག་ལས་བརྒལ་བའི་ཆར་ཆུར་ཁ་གཏད་འཇལ་བ་དང་།   བྱ་བའི་ངེས་གཏན་རང་བཞིན་ལ་བརྟེན་ནས་རང་བྱུང་གནོད་འཚེའི་ངེས་གཏན་མིན་པའི་རང་བཞིན་ལ་ཁ་གཏད་ནུས་ལྡན་འཇལ་ཐུབ་པ་བྱས།

ཞིང་ཆེན་ཞོད་འགོག་ཐན་འགོག་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་གིས་ནན་གྱིས་བསྟན་དོན། ལས་ཁུངས་སོ་སོ་དང་སྡེ་ཁག་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་འགན་འཁྲི་ནན་དཀྲི་བྱས་ཏེ།  འགན་འཁྲིའི་ལྡོག་བཤེར་ཚོད་འཛིན་རྐྱེན་སྲོལ་བཙུགས་ནས་གྲོང་ཁྱེར་དང་རྫོང་རིམ་པའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་མཛུབ་ཁྲིད་བྱེད་པ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་ཞིབ་བཤེར་ལྟ་ཞིབ་ཚད་ལེན་དང་།  ཁ་གཏད་ཡག་པོ་འཇལ་བ། ཉེན་ཁ་གཡོལ་བ།    ཉེན་སེལ་རྒུད་སྐྱོབ་སོགས་ཀྱི་བྱ་བ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། གཅིག་གྱུར་ཁག་བགོས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་གནད་དོན་མཚོན་པ་དང་བརྡ་ཁྱབ་ཁྱབ་བསྒྲགས་ཀྱི་རྐྱེན་སྲོལ་འཛུགས་དགོས།  ལས་རིགས་སྡེ་ཁག་སོ་སོས་ལས་རིགས་དེ་གའི་མངའ་ཁོངས་བདེ་འཇགས་ཀྱི་འགོག་ཟོན་གཙོ་གནད་དང་བསྡུར་ནས་ལས་རིགས་དབྱེ་ནས་གནད་དོན་གྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་བྱས་ཏེ། དམིགས་སའི་རང་བཞིན་བཅོས་སྒྲིག་གི་འགོག་ཟོན་བྱེད་ཐབས་དོན་འཁྱོལ་བྱས། དེ་དང་ཆབས་ཅིག ས་གནས་སོ་སོས་གནད་དོན་གྱི་མངོན་མེད་རྐྱེན་ངན་གཅིག་གྱུར་གྱིས་ཕྱོགས་བསྡུས་དང་གཅིག་གྱུར་གྱིས་དབྱེ་ཞིབ། གནོད་འཚེ་བཟོ་བའི་ཉེན་ཁ་ཕྱོགས་བསྡུས་ཞིབ་འཇུག་བརྡར་གཅོད་བཅས་བྱས་ཏེ། ཕྱོགས་བསྡུས་འགོག་ཟོན་དང་བཅོས་སྒྲིག་བྱེད་ཐབས་གཏན་འབེབས་བྱས་ནས་གནད་དོན་གྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག་གི་ཕན་འབྲས་ཆེ་རུ་གཏོང་དགོས་པའི་མཛུབ་ཁྲིད་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་ལས་ཤུགས་བསྣན་ཏེ་གནད་འཁེལ་ཞིབ་འཇུག་བརྡར་གཅོད་དང་གྲོས་མོལ་གྱི་རྐྱེན་སྲོལ་འཛུགས་དགོས་སྟེ།    ལས་རིགས་སྡེ་ཁག་སོ་སོས་ཆ་འཕྲིན་མཉམ་སྤྱོད་དང་བྱ་བའི་གྲོས་མོལ་ལ་ཤུགས་སྣོན་པ་དང་།    ཞིབ་བཤེར་བྱས་པའི་ཉེན་ཁའི་མངོན་མེད་རྐྱེན་ངན་དང་ཆར་ཆུ་སོགས་གནོད་འཚེ་བཟོ་སྲིད་པའི་རྒྱུ་རྐྱེན་ལ་དམིགས་ཏེ་གནོད་འཚེ་བཟོ་སྲིད་པའི་བྱེད་ཐབས་ལ་དབྱེ་ཞིབ་གནད་འཁེལ་བྱས་ནས།“སྒོ་རྒྱག་པ་དང་མཚམས་འཇོག་པ། ཕྱིར་འཐེན་པ།   གནས་སྤོ་བྱེད་པ། སྐོར་ཞིབ་བྱེད་པ་བཅས་ཀྱི་བྱེད་ཐབས་ལག་བསྟར་ནུས་ལྡན་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱ་དགོས།

དེ་དང་ཆབས་ཅིག ཆུ་བེད་བཟོ་སྐྲུན་སྒྲིག་ཆས་དང་མཁར་གྲོང་གི་རྨང་གཞིའི་སྒྲིག་ཆས། བགྲོད་ལམ་འགྲིམ་འགྲུལ་སོགས་གཙོ་གནད་ལ་དམ་པོར་དམིགས་པ་དང་། དེ་མིན་ཆུ་བོ་འབྲིང་ཆུང་གི་བཞུར་རྒྱུད་དང་གྲོང་ཁྱེར་ནང་ཁུལ་གྱི་ཆུ་ལོག་མང་བའི་ཁུལ། རི་ཁུལ་གྱི་གཞོང་ས། སྨན་ཁང་། རྒན་གསོ་ཁང་སོགས་མི་སྣ་འདུས་ཚད་ཆེ་བའི་ས་ཁུལ་དང་། ས་གཤིས་གནོད་འཚེའི་ཉེན་ཁ་ཆེ་བའི་ཁུལ་སོགས་གཙོ་གནད་ས་ཁོངས་སུ་ལྟ་ཞིབ་ཚད་ལེན་སྔོན་ཚུད་ཉེན་བརྡ་དང་མངོན་མེད་རྐྱེན་ངན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། དུས་ཐོག་ཏུ་མི་སྣ་སྤོ་སྒྱུར་ཉེན་གཡོལ་བྱ་བ་ཡག་པོར་སྒྲུབ་དགོས།  འགོག་སྲུང་ནུས་པ་ཞན་པ་དང་གནད་དོན་ཐོན་སླ་བའི་ཉམས་ཞན་རིམ་པར་དོ་སྣང་དམ་ཟབ་བྱས་ཏེ། སྔོན་ཚུད་མི་སྣ་དང་། དངོས་རྫས། ཉེན་སེལ་དཔུང་ཁག་སོགས་རོགས་སྐྱོབ་སྟོབས་ཤུགས་སྔོན་བཀོད་བྱས་ནས་ཉེན་སེལ་རྒུད་སྐྱོབ་ནུས་པ་དངོས་གནས་ཆེ་རུ་གཏོང་དགོས།

ཤ་བོ་རིན་མཚོས་བསྒྱུར།