རྒྱལ་ཡོངས་ན་གཞོན་ལོ་ཆུང་གི་ལུས་རྩལ་ཞབས་བྲོ་སྤྲོ་སྐྱིད་ཁང་གི་ཡོངས་བསྒྲགས་འགྲན་སྡུར་སྐབས་གསུམ་པའི་རྟིང་རྩོད་འགྲན་སྡུར་ཟི་ལིང་དུ་སྤེལ།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 15

ཟླ8པའི་ཚེས6ཉིན། ལང་ཚོ་ངོམ་དང་ན་གཞོན་ལགས་ཞེས་པའི་རྒྱལ་ཡོངས་ན་གཞོན་ལོ་ཆུང་གི་ལུས་རྩལ་ཞབས་བྲོ་སྤྲོ་སྐྱིད་ཁང་གི་ཡོངས་བསྒྲགས་འགྲན་སྡུར་སྐབས་གསུམ་པའི་རྟིང་རྩོད་འགྲན་སྡུར་ཟི་ལིང་དུ་སྤེལ་འགོ་བརྩམས། འགྲན་སྡུར་དེ་རྒྱལ་ཡོངས་ན་གཞོན་ལོ་ཆུང་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་དང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། ཟི་ལིང་གྲོང་ཁྱེར་ལུས་རྩལ་ཅུའུ་དང་། ཟི་ལིང་རིག་གནས་ཡུལ་སྐོར་འཕེལ་རྒྱས་དངུལ་གཏོང་ཚད་ཡོད་ཀུང་སིས་འགན་སྒྲུབ་བྱས།

ཐེངས་འདིའི་འགྲན་སྡུར་གྱིས་ལོ་དྲུག་ནས་ལོ་བཅུ་དྲུག་ཅན་གྱི་ལོ་ཆུང་བྱིས་པར་ཁ་ཕྱོགས་ནས་ཚན་སྐོར389བཀོད་སྒྲིག་བྱས་ཡོད་ཅིང་། པེ་ཅིང་དང་། ཀོང་ཏུང་། ཁྲུང་ཆིན། སི་ཁྲོན། མཚོ་སྔོན། ཀྲེ་ཅང་། ཀན་སུའུ། ཧྲའན་ཞི། ཉིང་ཞ། ཧུའུ་ནན་སོགས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་སུམ་ཅུ་ལྷག་གི་ན་གཞོན་ལོ་ཆུང་སྟོང་གཅིག་ཙམ་འགྲན་སྡུར་ལ་ཞུགས་ཡོད། འགྲན་སྡུར་གྱི་བྱེད་ནུས་རྒྱ་བསྐྱེད་པ་དང་རིག་གནས་ལུས་རྩལ་ཡུལ་སྐོར་གྱི་འཛད་སྤྱོད་ལ་སྐུལ་ཁྲིད་བྱ་ཆེད། གཙོ་སྒྲུབ་ཕྱོགས་ཀྱིས་འགྲན་སྡུར་དང་བསྟུན་ནས་ཡུལ་སྐོར་བྱེད་ཅེས་པའི་བྱ་འགུལ་འཆར་འགོད་བྱས་ཤིང་། དམར་པོའི་གཞི་རྒྱུ་སློབ་སྦྱོང་ཞིབ་འཇུག་སོགས་ཀྱི་རྣམ་གྲངས་འགྲེམ་སྤེལ་བྱས་པར་མ་ཟད། མགོ་རྩོམ་བྱེད་སྒོའི་ཡུལ་དངོས་སུ་ཟི་ལིང་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་ཡུལ་སྐོར་ལམ་ཐིག་འོས་སྦྱོར་བྱས་ནས། འགྲན་ཞུགས་པར་ཆེད་དམིགས་འཛིན་བྱང་ཆ་ཚང་འདོན་སྤྲོད་བྱས་ཏེ། ན་གཞོན་ལོ་ཆུང་དང་དེའི་ཁྱིམ་མིར་ཟི་ལིང་གྲོང་ཁྱེར་གྱི་མཛེས་པ་ཉམས་སུ་མྱོང་བའི་གོ་སྐབས་བསྐྲུན།

རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ན་གཞོན་ལོ་ཆུང་ཟི་ཡིས་ཆེད་དུ་བཙུགས་པའི་འགྲན་སྡུར་ཚོང་རྟགས་ཤིག་ཡིན་པའི་ཆ་ནས། ལང་ཚོ་ངོམ་དང་ན་གཞོན་ལགས་ཞེས་པའི་མུ་འབྲེལ་བྱ་འགུལ་གྱིས་ཐོག་མཐའ་བར་གསུམ་དུ་དཔེ་སྟོན་གྱི་སྟོབས་ཤུགས་རྒྱུན་འཛིན་བྱས་ཏེ། ལུས་རྩལ་དེ་ན་གཞོན་ལོ་ཆུང་གི་ལུས་ཕུང་སྟོབས་ལྡན་དུ་གཏོང་བའི་རྩལ་འགྲན་ར་བ་ཞིག་དང་། བློ་རྩ་ཇེ་བརྟན་དུ་གཏོང་བའི་ཐབས་ལམ་ཞིག་ཏུ་གྱུར་ཡོད། ཉེ་བའི་ལོ་འདི་འགར། ཟི་ལིང་དུ་ལང་ཚོ་ངོམ་དང་ན་གཞོན་ལགས་ཞེས་པའི་མུ་འབྲེལ་བྱ་འགུལ་ཐེངས་ཉི་ཤུ་ལྷག་སྤེལ་ཞིང་། ན་གཞོན་ལོ་ཆུང་མི་ཐེངས་འབུམ་གཅིག་ཁྲི་ལྔ་ལས་བརྒལ་བ་འགྲན་སྡུར་ཁྲོད་ཞུགས་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།