ཞིན་ཅང་དང་མཚོ་སྔོན། དཔུང་ཚོགས་བཅས་ཀྱིས་མཉམ་འབྲེལ་སྒོས་མི་ཤུགས་ཐོན་ཁུངས་མཉམ་ལས་ཇེ་ཟབ་ཏུ་བཏང་།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 11

ཟླ8པའི་ཚེས6ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ་སྤེལ་བའི་ཞིན་ཅང་དང་མཚོ་སྔོན། དཔུང་ཚོགས་བཅས་ཀྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་བརྗེ་རེས་སྦྲེལ་མཐུད་ཚོགས་འདུའི་སྟེང་། ཕྱོགས་གསུམ་གྱིས་མཉམ་ལས་ལས་གཞི་གང་མང་ལ་གྲོས་མཐུན་བཀོད་དེ། ས་ཁུལ་གསུམ་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ཁྱབ་ཁོངས་ཀྱི་ཡིད་རྟོན་དང་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་བཏང་ནས། ཁུལ་ཁོངས་ནང་ཁུལ་གྱི་མི་ཤུགས་ཐོན་ཁུངས་ལེགས་སྒྲིག་བྱེད་ཆེད་རྨང་གཞི་བརྟན་པོ་བཏིངས།

བྱ་འགུལ་སྟེང་། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་ཐིན་དང་། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་ཐིན། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ཀྱི་་མི་ཤུགས་ཐོན་ཁུངས་ཅུའུ་བཅས་ཀྱིས་མཉམ་དུ་མི་ཤུགས་ཐོན་ཁུངས་དང་ངལ་རྩོལ་མཉམ་ལས་སྒྲོམ་གཞིའི་གྲོས་ཆོད་སྟེང་མིང་རྟགས་བཀོད་དེ། ས་ཁུལ་གསུམ་གྱིས་རྒྱུན་རྣམ་ཅན་གྱི་ངལ་རྩོལ་མཉམ་ལས་རྐྱེན་སྲོལ་འཛུགས་པར་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཤིང་། ས་ཁུལ་གཉིས་ཀྱི་ལས་རིགས་མཐུན་ཚོགས་དང་ཞིན་ཅང་མི་ཤུགས་ཐོན་ཁུངས་ཐོན་ལས་གླིང་གིས་ཞིན་ཅང་དང་མཚོ་སྔོན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་མཐུན་ཚོགས་དང་ཐོན་ལས་གླིང་གི་སྐུལ་སྤེལ་མཉམ་ལས་གྲོས་ཆོད་ལ་མིང་རྟགས་བཀོད་ནས། ས་ཁུལ་གཉིས་ཀྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ཐོན་ཁུངས་ཀྱི་ཁོངས་བརྒལ་སྡེབ་སྒྲིག་དང་འཁོར་སྐྱོར་ཐད་སྐུལ་འདེད་བཏང་། ས་ཁུལ་གཉིས་ཀྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་དགུ་ཡིས་འཁྲབ་འགྲེམ་དང་ཐོན་རྫས་འོས་སྦྱོར་བྱས་པ་དང་། དེའི་ཁྲོད་ཀྱི་ལས་ཁུངས་བཞི་ཡིས་ཡུལ་དངོས་སུ་མཉམ་ལས་རེ་འདོད་བཀོད་ཅིང་། ཟླ8པའི་ཚེས5ཉིན་ནས་བཟུང་མཚོ་སྔོན་གྱི་ངལ་རྩོལ་པ་སུམ་བརྒྱ་བསྐྱལ་རྒྱུའི་འཆར་གཞི་བཟོས་ཏེ། ཞིན་ཅང་གི་ཐོན་ལས་ཁ་ཤས་ཤིག་གི་མི་བཀོལ་དགོས་མཁོ་ནུས་ལྡན་སྒོས་བསྐངས་ཐུབ་པར་བྱས་པར་མ་ཟད། མཚོ་སྔོན་གྱི་ངལ་རྩོལ་པའི་ལས་ཞུགས་རྒྱུ་ལམ་ཇེ་ཡངས་སུ་བཏང་། དེ་ལས་གཞན། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ཀྱིས་རང་ཞིང་གི་མཐོ་རིམ་མཐར་ཕྱིན་སློབ་མར་འཚམ་པའི་ལས་ཞུགས་ལས་གནས6200མཉམ་སྤྱོད་བྱས་ལ། དེ་གཙོ་བོ་བཟོ་སྐྲུན་ལས་རིགས་དང་། ནུས་ཁུངས་གསར་པ། རྒྱུ་ཆ་གསར་པ་སོགས་ཐོན་ལས་གཙོ་བོ་དག་གི་ཁོངས་སུ་འདུས་ཡོད། མིག་སྔར་ས་ཁུལ་གཉིས་ཀྱིས་མ་ལག་འབྲེལ་སྣེའི་སྦྲེལ་མཐུད་བྱ་བ་མགོ་བརྩམས་པ་དང་། མཐོ་རིམ་མཐར་ཕྱིན་སློབ་མ་དང་ཐོན་ལས་དགོས་མཁོ་གནད་འཁེལ་སྡེབ་སྒྲིག་ཐུབ་པ་མངོན་འགྱུར་བྱ་ཆེད་རོགས་ཤུགས་འདོན་རྒྱུ་རེད།

རིག་འཛིན་སྒྲོལ་མས་བསྒྱུར།