
ཟླ8པའི་ཚེས6ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་སྣེ་ཁྲིད་ནས་རྩ་འཛུགས་བྱས་པའི2025ལོའི་འཛད་སྤྱོད་དངོས་རྫས་ཀྱི་ཁྱིམ་ཆས་རྙིང་ཚབ་གསར་བརྗེའི་བསྒྱུར་བཀོད་ཁ་གསབ་བྱེད་སྒོ་སྤེལ་མགོ་ཚུགས།
ཐེངས་འདིའི་ཁྱིམ་ཆས་རྙིང་བའི་བསྒྱུར་བཀོད་ཁ་གསབ་བྱེད་སྒོའི་མ་དངུལ་བསྡོམས་འབོར་སྒོར་བྱེ་བ་ལྔར་སླེབས་ཡོད་པ་དང་། 2025ལོའི་ཟླ12པའི་ཚེས31ཉིན་བར་སྤེལ་རྒྱུ་རེད། ཁ་གསབ་བྱེད་སྒོའི་སྔོན་ལ་ཐོན་མཁན་ལ་ཐོབ་པ་དང་། ཚར་རག་བར་ཁ་གསབ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། མ་དངུལ་བཀོལ་ཚར་རག་བར་སྤེལ་དགོས། ཁྱིམ་ཆས་རྙིང་བའི་བསྒྱུར་བཀོད་ཐོན་རྫས་རིགས22ཡོད་པ་དང་། འབྱིན་རྔུབ་འཕྲུལ་ཆས་དང་སྨུག་འགྱུར་འཕྲུལ་ཆས་དང་། དབྱང་བཟོ་ཆས་སོགས་སྨན་བཅོས་རམ་འདེགས་ཡོ་བྱད་འདུས་ལ། ནུས་མང་གཉོར་སྐྱོང་ཉལ་ཁྲི། རྐུབ་སྟེགས་འཁོར་ལོ་སོགས་འགུལ་སྐྱོད་ཀྱི་རམ་འདེགས་སྒྲིག་ཆས། མྱུར་འབོད་སྒྲིག་ཆས་དང་འབར་རླངས་མེ་ཟོན་ཉེན་བརྡ་གཏོང་ཆས་སོགས་བདེ་འཇགས་ལྟ་རྟོག་ཡོ་བྱད་དང་། དེ་མིན་ཁྲག་བཤེར་དང་འབྲེལ་བ་ཡོད་པའི་བདེ་འཇགས་བཤེར་འཇལ་དཔྱད་ཆས་སོགས་འདུས་ལ། ད་དུང་འོད་འཚེར་འདར་འགུལ་སྒོ་དྲིལ་དང་། བོར་འགོག་སྒྲིག་ཆས་སོགས་སྟབས་བདེའི་འཚོ་བའི་ཐོན་རྫས་སོགས་འདུས།
ཆ་རྐྱེན་དང་འཚམ་པའི་འཛད་སྤྱོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་བསྒྲགས་པའི་ཁེ་ལས་ནས་གོང་གསལ་གྱི་ཐོན་རྫས་ཉོ་དགོས་པ་དང་། ཐོན་རྫས་ཉོ་མཁན་དང་ཁ་གསབ་རེ་ཞུ་མཁན་བཅས་མི་གཅིག་ཡིན་དགོས། མིག་སྔར། བྱེད་སྒོའི་སྔོན་གྱི་གྲ་སྒྲིག་བྱ་བ་ཡོངས་འགྲུབ་ཡོད་པ་དང་། ཁེ་ལས73གྱི་ཚོང་ཁང312བྱེད་སྒོ་དེར་ཞུགས་པ་དང་། ད་ལྟ་དྲ་ཐོག་ཞིབ་བཤེར་མ་ལག་སྒོ་འབྱེད་བྱས་ཡོད།
ཏིང་འཛིན་མཚོ་མོས་བསྒྱུར།