
ཟླ8པའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱིས་བདེ་འཇགས་ཐོན་སྐྱེད་གསོ་སྦྱོང་ལས་ཁུངས་དོ་དམ་བྱེད་ཐབས་གཏན་འབེབས་འགྲེམས་སྤེལ་བྱས། ལམ་ལུགས་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་གསོ་སྦྱོང་ལས་ཁུངས་ཀྱི་དོ་དམ་བྱེད་ཐབས་ལེགས་བཅོས་འཐུས་ཚང་དུ་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་གསོ་སྦྱོང་ལས་ཁུངས་དོ་དམ་ལམ་ལུགས་ཀྱི་མི་འདང་ས་ཁ་བསྐངས་ཏེ། ཐོན་སྐྱེད་བདེ་འཇགས་དོན་རྐྱེན་ནུས་ལྡན་སྒོས་སྔོན་འགོག་དང་ཇེ་ཉུང་དུ་གཏོང་བར་རྨང་གཞིའི་འགན་སྲུང་འདོན་སྤྲོད་བྱས།
བྱེད་ཐབས་འགྲེམས་སྤེལ་བྱས་པ་དེས། ལམ་ལུགས་དོ་དམ་གྱི་བྱེད་ནུས་འདོན་སྤེལ་བྱེད་ཐུབ་ཅིང་། ཚོང་རའི་སྒྲིག་རིམ་ཚད་ལྡན་དུ་གཏོང་ཐུབ་ལ། གསོ་སྦྱོང་སྤུས་ཚད་མཐོར་འདེགས་གཏོང་ཐུབ། གསོ་སྦྱོང་ལས་ཁུངས་ཀྱི་ཞུགས་ཚད་ཆ་རྐྱེན་གཏན་འབེབ་བྱེད་པ་ནས་སློབ་ཁྲིད་བླང་བྱ་དང་། དགེ་རྒན་དཔང་ཡིག ལས་དོན་སྤེལ་ཡུལ། སྒྲིག་ཆས་སོགས་ཀྱི་བྱེད་ཐབས་ཚད་གཞིའི་བར། ཚོང་རའི་ཁྲོད་ངེས་གཏན་མེད་པའི་ཚོང་ར་དང་། ཆེད་ལས་སྒྲིག་ཆས་མེད་པའི་ལས་ཁུངས། དངུལ་བསྡུ་མཐོ་ཞིང་སྤུས་ཚད་མེད་པ་སོགས་རྙོག་འཛིང་ཆེ་བའི་གསོ་སྦྱོང་གི་རྣམ་པ་གཏན་འགོག་བྱ་རྒྱུ་དང་། གསོ་སྦྱོང་ལས་ཁུངས་ཀྱིས་གསོ་སྦྱོང་གི་ནང་དོན་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་དང་། ཐོན་སྐྱེད་བདག་གཉེར་ལས་ཁུངས་ཀྱི་བདེ་འཇགས་གསོ་སྦྱོང་གཏན་འབེབས་སོགས་ཁྲིམས་སྲོལ་བླང་བྱ་དང་མཐུན་པར་ཁག་ཐེག་བྱེད་རྒྱུའི་རེ་བ་བཏོན་ནས་དོན་སྙིང་མེད་པའི་གསོ་སྦྱོང་གི་རྣམ་པ་གཏན་འགོག་བྱ་རྒྱུ་རེད། ལམ་ལུགས་ཅན་གྱི་དོ་དམ་བརྒྱུད་དེ། གསོ་སྦྱོང་གི་ནང་དོན་དོན་དངོས་དགོས་མཁོ་དང་འཚམ་པར་ཁག་ཐེག་བྱས་ནས། ལས་ཞུགས་མི་སྣའི་བདེ་འཇགས་རྩལ་ནུས་ཆུ་ཚད་ནུས་ལྡན་སྒོས་ཇེ་མཐོར་གཏོང་རྒྱུ་ཡིན་ལ། ལྟ་སྐུལ་དོ་དམ་ཤུགས་དྲག་ཏུ་གཏོང་བ་གཙོར་བཟུང་སྟེ་བདེ་འཇགས་འཕེལ་རྒྱས་ཐད་ཞབས་འདེགས་ཞུ་རྒྱུ་རེད། རིམ་པ་སོ་སོའི་འཕྲལ་བསྟུན་དོ་དམ་སྡེ་ཁག་གིས་ལྟ་སྐུལ་ཞིབ་བཤེར་གྱི་གཞི་འཛིན་ས་འདོན་སྤྲོད་བྱས་ཏེ། གསོ་སྦྱོང་ལས་ཁུངས་ཀྱི་འགན་འཁྲི་གཙོ་བོ་ཇེ་དམ་དུ་གཏོང་བ་དང་། སློབ་ཁྲིད་དང་རྒྱུགས་ལེན་སོ་སོར་ལག་བསྟར་བྱས་ནས། གསོ་སྦྱོང་ལས་ཁུངས་ཀྱིས་དཔང་ཡིག་གང་འདོད་སྟེར་བའི་བྱ་སྤྱོད་གཏན་འགོག་བྱ་རྒྱུ་རེད། གསོ་སྦྱོང་ལས་ཁུངས་དག་ཐེར་གཙང་སེལ་བྱ་བ་སྤེལ་ཏེ། གཞི་རྩའི་ཆ་རྐྱེན་དང་མི་འཚམ་པའི་ལས་ཁུངས་ཕྱིར་འབུད་གཏོང་བ་དང་། ཚད་གཞི་གཅིག་གྱུར་དང་། ལྟ་སྐུལ་ནུས་ལྡན། འགྲན་རྩོད་རིམ་ལྡན་བཅས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་གསོ་སྦྱོང་མ་ལག་གྲུབ་པར་བྱས་ནས། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་བབ་རྒྱུན་མཐུད་ངང་བཟང་ཕྱོགས་སུ་འཕེལ་བར་རོགས་ཤུགས་འདོན་རྒྱུ་རེད། ཁེ་ལས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ་བདེ་འཇགས་འགོག་མཚམས་སྲ་བརྟན་དུ་གཏོང་རྒྱུ་མ་ཟད། ཁེ་ལས་ལ་འགན་འཁྲི་གཙོ་བོ་དངོས་འབེབས་ནན་མོ་བྱེད་པའི་བླང་བྱ་བཏོན་ཏེ། ཁེ་ལས་ལས་རིགས་གཙོ་བོས་ནང་ཁུལ་གྱི་གསོ་སྦྱོང་རྟེན་གཞི་འཛུགས་པར་སྐུལ་སློང་དང་། ལས་གནས་ཉེན་ཁ་དང་འབྲེལ་ནས་ཁ་གཏད་རང་བཞིན་གྱི་དངོས་སྦྱོང་བྱ་བ་སྤེལ་ནས། ལས་ཡུལ་དང་པོའི་ལས་བྱེད་མི་སྣ་ཡོངས་ལ་དཔང་ཡིག་ཡོད་པར་ཁག་ཐེག་བྱེད་པ་དང་། ལས་ཞུགས་མི་སྣ་དཔང་ཡིག་མེད་པར་རྐྱེན་བྱས་ཐོན་སྐྱེད་བདེ་འཇགས་ཀྱི་དོན་རྐྱེན་འབྱུང་བ་རྩ་བའི་ཐོག་གཏན་འགོག་བྱ་རྒྱུ་རེད།
མཚོ་སྔོན་ཞིང་ཆེན་གྱིས་ཆེད་དོན་ལྟ་སྐུལ་དང་མཛུབ་སྟོན་བྱེད་པར་རྩ་འཛུགས་བྱས་ཏེ། བྱེད་ཐབས་དངོས་འབེབས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ནས། བདེ་འཇགས་ཐོན་སྐྱེད་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་ཆེད་བདེ་འཇགས་འཇོན་མིའི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་རྒྱུ་རེད།
རིག་འཛིན་སྒྲོལ་མས་བསྒྱུར།