
གསར་སྐྲུན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་གསར་སྐྲུན་ལས་སྐྲུན་སྐྱེ་ཁམས་ལེགས་བཅོས་བྱེད་པ། ཁེ་ལས་ཀྱི་ལས་སྐྲུན་གསོན་ཤུགས་སྐུལ་སློང་སོགས་བྱེད་ཆེད། ཟླ8པའི་ཚེས6ཉིན་ནས་ཚེས7ཉིན་བར། ཞིང་ཆེན་ཚན་རྩལ་ཐིན་དང་ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་ནོར་སྲིད་ཐིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་ཤིང་། ཟི་ལིང་གྲོང་ཁྱེར་ཚན་རིག་ལག་རྩལ་ཅུའུ་དང་ཟི་ལིང་གྲོང་ཁྱེར་ཚན་རྩལ་གསར་སྐྲུན་སྐུལ་འདེད་ལྟེ་གནས་སོགས་ཀྱིས་འགན་སྒྲུབ་བྱས་པའི་སྐབས་བཅུ་བཞི་པའི་ཀྲུང་གོ་གསར་སྐྲུན་ལས་སྐྲུན་འགྲན་སྡུར་ཆེན་མོའི་མཚོ་སྔོན་འགྲན་ཁུལ་གྱི་འགྲན་སྡུར་དང་སྐབས་བཅུ་གཅིག་པའི་མཚོ་སྔོན་ཞིང་ཆེན་གྱི་སློབ་ཆེན་སློབ་མའི་གསར་སྐྲུན་ལས་སྐྲུན་འགྲན་སྡུར་གྱི་ཁེ་ལས་ཚན་ཆུང་གི་རྟིང་རྩོད་འགྲན་སྡུར་ཟི་ལིང་དུ་བདེ་བླག་ངང་བསྡུས།
རྒྱུས་ལོན་བྱུང་བ་ལྟར་ན། འགྲན་སྡུར་སྤེལ་བའི་ཚུན་ལ། འགྲན་སྡུར་བྱ་འགུལ་གཞུང་སྒྲུབ་ཁང་གིས་གསར་སྐྲུན་གཉིས་ཀྱི་བྱ་བ་ནུས་ཡོད་སྒོས་དོན་འཁྱོལ་བྱས་པ་དང་། དྲིལ་སྒྲོག་སྐུལ་སློང་དང་གནད་ལ་འཁེལ་བའི་སྦྲེལ་མཐུད་ཟུར་ཁྲིད་བྱས་པ་བརྒྱུད་ལས་སྐྲུན་བྱས་པའི་ན་གཞོན་དང་གསར་སྐྲུན་ཁེ་ལས་སྔར་ལས་མང་པོས་འགྲན་སྡུར་ལ་མིང་ཐོ་འགོད་པར་སྐུལ་མ་བཏང་ལ། བསྡོམས་པས་ཁེ་ལས་བརྒྱ་དང་ཉེར་གཉིས་ཀྱིས་མིང་ཐོ་བཀོད་པ་དང་ཁེ་ལས་བརྒྱ་དང་གཉིས་ལ་ཞིབ་བཤེར་ཐོབ། ཐོག་མའི་འགྲན་སྡུར་བརྒྱུད་དེ་གསར་སྐྲུན་ཁེ་ལས་བཅུ་གཅིག་སོགས་ཀྱི་འགྲན་ཞུགས་ལས་གཞི་རྟིང་རྩོད་ཁྲོད་ཚུད།
རྟིང་རྩོད་འགྲན་སྡུར་གྱི་ལས་གཞིའི་ནང་སྐྱེ་ཁམས་སྨན་བཅོས་དང་སྐོར་གསར་བའི་ཆ་འཕྲིན་ལག་རྩལ། རྒྱུ་ཆ་གསར་པ། ནུས་ཁུངས་གསར་པ་དང་ནུས་ཁུངས་གྲོན་ཆུང་། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་ཡོད། ལོ་སྔོན་མ་དག་དང་བསྡུར་ན་ལས་གཞིའི་ཆུ་ཚད་མངོན་གསལ་མཐོར་འདེགས་བྱུང་ཡོད་པ་དང་། ལག་རྩལ་གསར་སྐྲུན་རང་བཞིན་དྲག་པ་དང་ལག་བསྟར་ཇུས་གཞི་བེད་སྤྱོད་བྱེད་ཚད་མཐོ་བ་སོགས་ཀྱི་ཁྱད་ཆོས་མངོན་པར་བྱས་ཡོད།
ལྷ་མོ་ཚེ་རིང་གིས་བསྒྱུར།