2025ལོའི་དམངས་ཡོངས་ལུས་སྦྱོང་ཉིན་མོའི་བརྗོད་དོན་བྱ་འགུལ་དང་མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ལུས་སྦྱོང་ཟླ་བའི་མུ་འབྲེལ་བྱ་འགུལ་སྤེལ་མགོ་བརྩམས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 8

ཟླ8པའི་ཚེས8ཉིན་ནི། རང་རྒྱལ་གྱི་དམངས་ཡོངས་ལུས་སྦྱོང་ཉིན་མོ་ཐེངས17པ་ཡིན་ལ། 2025ལོའི་དམངས་ཡོངས་ལུས་སྦྱོང་ཉིན་མོའི་བརྗོད་དོན་བྱ་འགུལ་དང་མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ལུས་སྦྱོང་ཟླ་བའི་མུ་འབྲེལ་བྱ་འགུལ་དངོས་སུ་མགོ་བརྩམས།

བྱ་འགུལ་གྱི་ཡུལ་དངོས་སུ། མི1600ལྷག་ལུས་རྩལ་ལུས་སྦྱོང་ལས་གཞིའི་བྱེད་སྒོའི་ཁྲོད་ཞུགས། དམངས་ཡོངས་ལུས་སྦྱོང་ཁྲིམས་སྲོལ་གྱི་སྲིད་ཇུས་དྲིལ་སྒྲོག་དང་། ལས་བཟོ་བའི་ཐག་འཐེན་འགྲན་སྡུར། ལུས་སྦྱོང་ལུས་རྩལ་རྣམ་གྲངས་འགྲེམ་སྟོན། ལུས་རྩལ་བྱེད་སྒོ་ཉམས་ལེན། གསར་དར་ལུས་རྩལ་རྣམ་གྲངས་ཁྱབ་སྤེལ། ལུས་སྦྱོང་ཐོན་རྫས་འགྲེམ་སྟོན། རྒྱལ་དམངས་ལུས་ཕུང་ཚད་འབྱེད་སོགས་བྱ་འགུལ་སྣ་མང་ལས་རྒྱ་ཆེའི་གྲོང་མི་རྣམས་ཀྱིས་ལུས་སྦྱོང་ཞོར་དུ་རྩེད་འཇོར་རོལ་བ་དང་། སློབ་སྦྱོང་བྱེད་ཐུབ་པས། མཚོ་སྔོན་གྱི་དམངས་ཡོངས་ལུས་སྦྱོང་ལས་དོན་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པར་མ་ཟད། དམངས་ཡོངས་ལུས་སྦྱོང་གི་ཚ་རླབས་འཕྱུར་དུ་བཅུག

དམངས་ཡོངས་ལུས་སྦྱོང་ཟླ་བའི་མུ་འབྲེལ་བྱ་འགུལ་གྱིས་མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་སྡུར་སྐབས་བརྒྱད་པ་དང་། མཛེས་པའི་མཚོ་སྔོན། མཐོ་སྒང་གི་མ་ལ་སུང་སོགས་དཔེ་སྟོན་འགྲན་སྡུར་སྣེ་ཁྲིད་དུ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོར་མི་ཚོགས་འདུ་བ་དང་། རྣམ་གྲངས་མི་གཅིག་པ་འདུ་བའི་མང་ཚོགས་རང་བཞིན་གྱི་ལུས་རྩལ་འགྲན་སྡུར་དང་། ཚན་རིག་ལུས་སྦྱོང་གི་མཛུབ་སྟོན། ལུས་སྦྱོང་རྣམ་གྲངས་འགྲེམ་སྟོན་སོགས་ཀྱི་བྱ་འགུལ་སྤེལ་རྒྱུ་རེད། དེའི་ཁྲོད། མདའ་འཕེན་དང་རྟ་རྒྱུགས་སོགས་སྲོལ་རྒྱུན་ལུས་རྩལ་གྱི་མཛེས་ཉམས་མཚོན་པའི་འགྲན་སྡུར་རྣམ་གྲངས་ཀྱང་འདུས་ཡོད་ལ། འཕུར་སྡེར་སོགས་དུས་རབས་ཀྱི་ཁྱད་ཆོས་མངོན་པའི་གསར་དར་ལུས་རྩལ་རྣམ་གྲངས་ཉམས་ལེན་བྱེད་རྒྱུ་སོགས་འདུས་ཡོད།

བྱ་འགུལ་གྱི་སྐབས་སུ། དམངས་ཡོངས་ཀྱི་ལུས་སྦྱོང་གི་ཤེས་བྱ་དང་བདེ་ཐང་འཚོ་བའི་འདུ་ཤེས་ཤུགས་ཆེན་པོས་དྲིལ་སྒྲོག་བྱེད་རྒྱུ་མ་ཟད། མཚོ་སྔོན་གྱི་དམངས་ཡོངས་ལུས་སྦྱོང་གྲུབ་འབྲས་ཡོངས་སུ་མངོན་རྒྱུ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ལུས་སྦྱོང་བདེ་ཐང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། མང་ཚོགས་སྔར་ལས་མང་པོ་སྒོ་ཕྱི་རུ་བསྐྱོད་པ་དང་། ལུས་རྩལ་ར་བར་བསྐྱོད་པར་སྣེ་ཁྲིད་བྱས་ནས། ལུས་རྩལ་ལུས་སྦྱོང་གི་གོམས་སྲོལ་ཆགས་པར་བྱས་ཏེ། ལུས་ཕུང་སྟོབས་ལྡན་ལ་བརྟེན་ནས་མཐོ་སྒང་གི་ལུས་རྩལ་སྟོབས་ལྡན་ཞིང་ཆེན་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་ཆེད་སྟོབས་ཤུགས་གཅིག་སྡུད་དང་དེའི་ཐད་གསོན་ཤུགས་སྣོན་རྒྱུ་རེད།

ཞིང་ཆེན་ལུས་རྩལ་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་བཤད་རྒྱུར། ཉེ་བའི་ལོ་འདི་འགར། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་ལུས་རྩལ་སྡེ་ཁག་གིས་མི་དམངས་ཀྱི་ལུས་ཕུང་སྤུས་ཚད་ཇེ་བཟང་དུ་གཏོང་བ་དང་། དམངས་ཡོངས་ཀྱི་བདེ་ཐང་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་རྩ་བའི་དམིགས་ཡུལ་དུ་བྱས་ཏེ། དམངས་ཡོངས་ལུས་སྦྱོང་གི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། དམངས་ཡོངས་ལུས་སྦྱོང་གིས་མི་དམངས་ཀྱི་བདེ་ཐང་ཆུ་ཚད་ཇེ་མཐོར་གཏོང་བ་དང་། མང་ཚོགས་ཀྱི་མཛེས་སྡུག་འཚོ་བའི་རེ་འདུན་སྐོང་བ། ཐོན་ལས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་ཤུགས་འདོན་པ། མཚོ་སྔོན་གསར་པའི་སྣང་བརྙན་གསར་པ་འགྲེམ་སྟོན་སོགས་ཕྱོགས་ཀྱི་ཕྱོགས་བསྡུས་རིན་ཐང་དང་སྣ་མང་བྱེད་ནུས་འདོན་སྤེལ་བྱེད་དགོས་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།