ཐུན་རིན་གྲོང་ཁྱེར་གྱིས་རེབ་གོང་དྲུག་པའི་ཀླུ་རོལ་གྱི་འཁྲབ་སྟོན་ཐོག་མ་སྤེལ་མགོ་བརྩམས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 17

ཟླ8པའི་ཚེས8ཉིན། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་རིག་གནས་སྲོག་རྩ་དམ་པོར་སྲུང་ཅེས་པ་བརྗོད་དོན་ཡིན་པའི་ཐུན་རིན་གྲོང་ཁྱེར་གྱི2025ལོའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ལས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་ཐོག་མའི་འཁྲབ་སྟོན་བྱ་འགུལ་དེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལུས་རྩལ་ཐང་ཆེན་ནས་སྤེལ།

འཁྲབ་སྟོན་ཁྲོད་དུ། རུ་ཁག་སོ་སོས་བཀྲག་མདངས་རྒྱས་པའི་མི་རིགས་རྒྱན་གོས་གྱོན་ནས་རིམ་པ་བཞིན་གར་སྟེགས་སྟེང་བུད་པ་དང་། ཉམས་འགྱུར་སྟོང་གི་ཞབས་བྲོ་དང་། ངར་ཤུགས་ལྡན་པའི་རྔ་སྒྲ། ལྷག་བསམ་གཟབ་ནན་གྱི་མཛད་སྒོ་བཅས་ལས། རེབ་གོང་དྲུག་པའི་ཀླུ་རོལ་གྱི་ཐུན་མིན་མཛེས་པ་ཕྱིར་མངོན་ནས། ཡུལ་དངོས་ཀྱི་ལྟད་མོ་བ་རྣམས་ལ་མི་རིགས་ཀྱི་ཁྱད་ཆོས་དང་རིག་གནས་ཀྱི་ཉིང་བཅུད་འདུས་པའི་མིག་གི་གསོལ་སྟོན་བཤམས་ཡོད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱ་འགུལ་ལས་ཐུན་རིན་གྲོང་ཁྱེར་གྱི་སྲོལ་རྒྱུན་སྡེ་བ22གྱི་ཉིན་གཅིག་གི་ཐུན་མོང་འཁྲབ་སྟོན་ཐོག་མར་མངོན་འགྱུར་བྱས་ཤིང་། མང་ཚོགས1900ལྷག་དེའི་ཁྲོད་ཞུགས་ཏེ། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་བྱེད་པར་སྟོབས་ཤུགས་ཁ་སྣོན་བྱས།

ཐུན་རིན་གྲོང་ཁྱེར་གྱི་བོད་རིགས་དང་ཧོར་རིགས་མང་ཚོགས་ཁྲོད་དར་ཁྱབ་ཆེ་བའི་སྲོལ་རྒྱུན་གྱི་ཚོགས་སྟོན་ཏེ། རེབ་གོང་དྲུག་པའི་ཀླུ་རོལ་ལ་ད་ལྟའི་བར་ལོ་ངོ1400ལྷག་གི་ལོ་རྒྱུས་ལྡན། དེའི་ཁྲོད་གཟབ་འཆོར་གུས་ལུགས་ཀྱི་ཆོ་ག་དང་། གླུ་གར་འཁྲབ་སྟོན། དམངས་ཁྲོད་རྩེད་རིགས་སོགས་འདུས་ཤིང་། སྒྱུ་རྩལ་རིག་པ་དང་ཆོས་ལུགས་གཞུང་ལུགས། མིའི་རིགས་རིག་པ། དམངས་སྲོལ་རིག་པ། རིག་གནས་རིག་པ་སོགས་ཁྱབ་ཁོངས་མང་པོ་འདུ་བས་དེར་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན།

ཐེངས་འདིའི་འཁྲབ་སྟོན་གྱིས་རེབ་གོང་དྲུག་པའི་ཀླུ་རོལ་ལ་འགྲེམ་སྟོན་དང་རྒྱུན་འཛིན་གྱི་གར་སྟེགས་ཤིག་བསྐྲུན་པ་མ་ཟད། ས་གནས་མང་ཚོགས་ཀྱི་སྲོལ་རྒྱུན་རིག་གནས་ཐད་ཀྱི་ངོས་འཛིན་དང་ཡིད་ཆེས་ཇེ་བརྟན་དུ་བཏང་བ་དང་། མི་རིགས་སོ་སོའི་རིག་གནས་བརྗེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་བཏང་ཞིང་། ཡུལ་སྐོར་པ་མང་པོ་དང་བརྙན་ལེན་དགའ་ཞེན་པ་མང་པོའི་ཡིད་དབང་བཀུག་ཡོད་པས། ཐུན་རིན་གྲོང་ཁྱེར་རིག་གནས་ཡུལ་སྐོར་གྱི་མིང་གྲགས་ཚད་མཐོར་འདེགས་བཏང་བ་དང་། རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་གཏིང་ཟབ་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་བྱེད་ནུས་གལ་ཆེན་ཐོན་ཡོད།

ཐུན་རིན་གྲོང་ཁྱེར་གྱིས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་གྱི་ནུས་ཚད་མུ་མཐུད་ཇེ་ཆེར་བཏང་སྟེ། རེབ་གོང་རིག་གནས་ཀྱི་ཉིང་བཅུད་དང་རིན་ཐང་སྔོག་འདོན་གཏིང་ཟབ་བྱེད་པ་དང་། མི་སྔར་ལས་མང་བོར་རེབ་གོང་ལ་དགའ་ཞེན་དང་རེབ་གོང་ལ་རྒྱུས་ལོན་བྱེད་དུ་བཅུག་སྟེ། རིག་གནས་ཀྱི་གྲོང་ཁྱེར་སྟོབས་ལྡན་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་དར་རྒྱས་ལ་རོགས་ཤུགས་འདོན་ཆེད་སྟོབས་ཤུགས་ཕུལ་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།