འཛམ་གླིང་ཤོམ་པའི་འགྲན་སྡུར་ལས་ནུབ་བྱང་འགྲན་ཁུལ་གྱི་རྟིང་རྩོད་འགྲན་སྡུར་ཡུས་ཧྲུའུ་ནས་སྤེལ།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 10

ཟླ8པའི་ཚེས8ཉིན། འཛམ་གླིང་ཤོམ་པའི་འགྲན་སྡུར་ལས་ཀྲུང་གོའི་ནུབ་བྱང་འགྲན་ཁུལ་གྱི་རྟིང་རྩོད་འགྲན་སྡུར་དང་བྱ་དགའ་སྟེར་བའི་དགོང་ཚོགས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གྱི་གེ་སེར་ཐང་ཆེན་ནས་སྤེལ་ཞིང་། འདི་ལས་རྒྱལ་སྤྱིའི་དར་སྲོལ་འགྲན་སྡུར་དེ་ཐོག་མར་ཡུས་ཧྲུའུ་མཐོ་སྒང་ནས་སྤེལ་བ་མཚོན། པེ་ཅིང་དང་། ཧྲན་ཏུང་། ཧུའུ་པའེ། ཧི་པའེ། ཅི་ལིན་བཅས་དང་། ཡུས་ཧྲུའུ་རང་ས་ནས་ཐོན་པའི་གསར་སྐྱེས་ཤོམ་པ53ལྷན་གཅིག་ཏུ་འཛོམས་ཏེ། མི་རིགས་ཀྱི་དར་སྲོལ་དང་རྒྱལ་སྤྱིའི་རླབས་རྒྱུན་མཉམ་སྦྱོར་མཉམ་འདྲེས་ཀྱི་ལེའུ་གསར་པའི་མགོ་བརྩམས།

བྱ་འགུལ་དེ་ཡུས་ཧྲུའུ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་། པེ་ཅིང་དུས་སྲོལ་རྒྱན་གོས་གཟའ་འཁོར་གྱི་ཚན་ཆུང་མཉམ་འབྲེལ་ལྷན་ཚོགས་ཀྱིས་འཛམ་གླིང་ཤོམ་པ་རྩ་འཛུགས་དང་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པ་ཞིག་རེད། 2023ལོར་གཙང་བོའི་མགོ་ཁུངས་ནས་ལམ་ལ་ཆས་ཏེ་པེ་ཅིང་དུ་མཇལ་ཞེས་པའི་བརྗོད་དོན་ལས་གཞི་མགོ་བརྩམས་པ་ནས་བཟུང་། འཛམ་གླིང་ཤོམ་པའི་འགྲན་སྡུར་གྱི་འགྲན་སྡུར་བྱེད་ཡུལ་ནང་འདྲེན་བྱས་ནས། བོད་ཀྱི་གཟུགས་འདས་ཤུལ་བཞག་ལག་རྩལ་དང་དེང་རབས་ཇུས་འགོད་ཕན་ཚུན་མཉམ་འདྲེས་དང་། དབྱི་རིགས་ཀྱི་གཙགས་དྲུབ་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་ཨ་ཉུའུ་ཨ་ཅ་ཡིས་གཙང་གསུམ་མགོ་ཁུངས་ཀྱི་སྐྱེ་ཁམས་བླ་རུ་དྲངས་ཏེ། ནོར་གནག་གི་ཁུལ་རྩིད་འཁེལ་ཐག་དང་བོད་ཀྱི་འཚེམ་བཟོའི་སྒྱུ་རྩལ་ལས་ཐོན་པའི་མཐོ་སྒང་མེ་ལོང་། ཉམས་མེད་ཆུ་རྒྱུན་ཞེས་པ་བརྗོད་དོན་དུ་བཟུང་ནས་ཐོག་མའི་ཤོམ་འགྲན་བྱས། ཡུས་ཧྲུའུ་ས་གནས་ཀྱི་ཚོང་རྟགས་ཨ་བུ་དགའ་དགའ་དང་། མཐོ་སྒང་ཨ་མ། སྐལ་བཟང་མེ་ཏོག་སོགས་བོད་ལུགས་རྒྱན་གོས་གར་སྟེགས་སྟེང་བུད་པ་དེས་བོད་ཀྱི་རྒྱན་གོས་མཛེས་དཔྱོད་ལ་དུས་རབས་ཀྱི་གསོན་ཤུགས་རྒྱས་སུ་བཅུག

ཐེངས་འདིའི་འགྲན་སྡུར་ལ་ཀྲུང་གོའི་དུས་སྲོལ་རྒྱན་གོས་ཇུས་འགོད་ཀྱི་གསེར་གྱི་རྟགས་མ་ཐོབ་མཁན་ཏིན་ཡོ་ཕིན་དང་། ཤོམ་པ་འཁྲབ་སྟོན་པ་ལིས་ཀྲིན། 2024ལོའི་ཀྲུང་གོའི་འགྲན་ཁུལ་གྱི་ཨང་དང་པོ་ཐོབ་མཁན་ཀྲའོ་ཡུས་ཧན་སོགས་དབང་ཟིལ་ལྡན་པའི་དཔྱད་བརྗོད་པ་བཅུ་ཕྲག་ལྷག་གདན་ཞུ་བྱས་ཡོད། འགྲན་རིམ་སོ་སོ་རིམ་པ་བཞིན་བརྒྱུད་མཐར་ཤོམ་པ་ཕོ་མོ་ཚན་ཁག་གི་ཨང་དང་པོ་ནས་གསུམ་པའི་བར་དང་། ཕུལ་བྱུང་ཤོམ་པ་བཅུ། ཡུས་ཧྲུའུ་ཡི་གངས་ལྗོངས་གྲགས་སྐར། ཡུས་ཧྲུའུ་ཡི་ཤོམ་པ་གྲགས་ཅན་སོགས་ལ་ཆེད་དམིགས་བྱ་དགའ་བྱིན།

བྱ་དགའ་སྟེར་བའི་གོ་རིམ་ཁྲོད་དུ་ཡུས་ཧྲུའུ་ཡི་སྐྱེ་ཁམས་མཆོད་བསྟོད་མཚོན་པའི་གླུ་གར་བཀོད་སྒྲིག་བྱས་ཏེ། རྒྱལ་ཁབ་རིམ་པའི་བོད་ཀྱི་རིག་གནས་ཁྲོད་ཀྱི་ཡུས་ཧྲུའུ་ཡི་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་གྱི་མཛེས་ཉམས་མངོན་དུ་བཅུག ཐེངས་འདིའི་འགྲན་སྡུར་ནི་སྔོན་ཐོན་དར་སྲོལ་དང་དག་གཙང་མཐོ་སྒང་གི་འབྲེལ་འདྲིས་ཐེངས་ཤིག་ཡིན་ལ། མི་རིགས་རིག་གནས་འཛམ་གླིང་རླབས་རྒྱུན་ཁྲོད་རྣམ་པར་བཞད་པའི་མཚོན་རྟགས་ངོ་མཚར་བ་ཞིག་ཀྱང་རེད།

རིག་འཛིན་སྒྲོལ་མས་བསྒྱུར།