ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐུམ་འབུའི་ནད་འགོག་བཅོས་བྱ་བར་ཆེད་དམིགས་ལྟ་སྐུལ་ཞིབ་བཤེར་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 6

ཟླ8པའི་ཚེས4ཉིན་ནས་ཚེས8ཉིན་བར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་བསྐྱོད་དེ།  ཐུམ་འབུའི་ནད་འགོག་བཅོས་བྱ་བར་ཆེད་དམིགས་ཀྱི་ལྟ་སྐུལ་ཞིབ་བཤེར་དང་རྟོག་ཞིབ་བྱས།

ལྟ་སྐུལ་ཞིབ་བཤེར་ཚན་ཆུང་མགོ་ལོག་ཁུལ་མི་དམངས་སྨན་ཁང་དང་རྨ་ཆེན་རྫོང་གངས་རི་ཡུལ་ཚོའི་འཕྲོད་བསྟེན་ཁང་། ཡུས་ཧྲུའུ་ཁུལ་ནང་ཆེན་རྫོང་སྤྲེལ་ཚྭ་ཡུལ་ཚོའི་འཕྲོད་བསྟེན་ཁང་སོགས་སུ་བསྐྱོད་དེ། ཐུམ་འབུའི་ནད་ཕོག་པའི་མི་ཚོགས་ཀྱི་དབྱེ་བཤེར་དང་ནད་པ་སྐྱོབ་བཅོས་བྱེད་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས།  ཡུས་ཧྲུའུ་ཁུལ་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་ཡུས་ཧྲུའུ་གྲོང་ཁྱེར་སྲོག་ཆགས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་སུ་བསྐྱོད་དེ། ཐུམ་འབུའི་ནད་ཟུར་བསྡུར་ཚོད་ལྟ་ཁང་འཛུགས་སྐྲུན་དང་། ཁྱི་འབུ་གསོད་པ་དང་ནོར་ལུག་བཤས་གཏོང་དོ་དམ། སྲོག་ཆགས་ཀྱི་ནད་འབུ་སྔོན་འགོག་ཚོད་འཛིན་སོགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་པར་མ་ཟད།    ས་གནས་དེ་གའི་དམངས་ཆེན་འཐུས་མི་དང་མང་ཚོགས་བར་དུ་བཞུགས་མོལ་བརྗེ་རེས་བྱས།

ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་མགོ་ལོག་ཁུལ་དང་ཡུས་ཧྲུའུ་ཁུལ་གྱིས་ཐུམ་འབུའི་ནད་འགོག་བཅོས་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་མཐོ་གནས་སུ་སྐུལ་འདེད་བཏང་བ་དང་།  ནད་ཕོག་ཚད་དང་གསར་དུ་ཐོན་པའི་ནད་རྟགས་མུ་མཐུད་དུ་མར་ཆག་པ་དང་། ནད་པ“གཙང་སེལ་”བྱས་ཏེ་་མི་དམངས་མང་ཚོགས་ཀྱིས་བདེ་ཐང་དང་བདེ་སྐྱིད་ལ་དོ་ཁུར་བྱེད་པར་ལན་ནུས་ལྡན་སྤྲད་ཡོད་ཅེས་བསྟན།

ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་ཆབ་སྲིད་ཀྱི་ལངས་གནས་སྔར་ལས་ལྷག་པར་མཐོར་འདེགས་སུ་བཏང་སྟེ། བདེ་ཐང་གི་ཀྲུང་གོ་དང་བདེ་ཐང་གི་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་མཐོ་ཚད་ནས། 《མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་སྲོལ་ཡིག》ལག་བསྟར་གཏིང་ཟབ་བྱས་ཏེ།   ནུས་ཤུགས་ཡོད་རྒུས་མགོ་ཁུངས་ནས་སྔོན་འགོག་དང་།    ལྟ་ཞིབ་ཚད་ལེན་དང་དབྱེ་བཤེར། དཔུང་ཁག་འཛུགས་སྐྲུན། ནད་པ་སྐྱོབ་བཅོས། བདེ་ཐང་སློབ་གསོ་བཅས་ཀྱི་བྱ་བ་ལེགས་པར་སྒྲུབ་སྟེ། ཁྲིམས་སྐྱོང་གི་རྣམ་པའི་ཐོག་ནས་ཐུམ་འབུའི་ནད་འགོག་བཅོས་བྱ་བར་སྐུལ་འདེད་ཏན་ཏིག་བཏང་ནས།  ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་ཐུམ་འབུའི་ནད་འབྱུང་ཚད་རྒྱུན་མཐུད་སྒོས་ཇེ་དམའ་རུ་གཏོང་བ་དང་ཐ་ན་ཐུམ་འབུའི་ནད་རྩ་བ་ནས་མེད་པར་གཏོང་བར་ཁག་ཐེག་བྱས་ཏེ། ཐུམ་འབུའི་ནད་ཀྱིས་མཐོ་སྒང་གི་ཡུལ་མི་སྤུན་ཟླའི་བདེ་སྐྱིད་ལ་གནོད་པ་ཐེབས་པའི་གནད་དོན་དེ་ལོ་རྒྱུས་དང་འདས་སོང་གོ་དོན་དག་ཅིག་ཏུ་འགྱུར་བར་བྱ་དགོས་པ་དང་། མི་དམངས་མང་ཚོགས་ཀྱི་རིམ་པ་མང་བ་དང་རྣམ་པ་མང་པོའི་བདེ་ཐང་གི་དགོས་མཁོ་སྔར་ལས་ལེགས་པར་སྐོང་དགོས་ཞེས་ནན་གྱིས་བསྟན།

ཤ་བོ་རིན་མཚོས་བསྒྱུར།