རྨ་ལྷོ་ཁུལ་གྱིས་མི་དམངས་ཀྱི་སེམས་འདུན་ལ་དུས་ཐོག་ཏུ་ལན་བཏབ་ནས་དཀའ་གནད་ཐག་བཅད།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ8པའི་ཚེས7ཉིན། རྨ་ལྷོ་ཁུལ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིའུ་ཡུང་ཁྲུན་གྱིས་གསར་འགོད་པར་བཤད་རྒྱུར། སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་སྤྱོད་ཚུལ་བསྒྱུར་རྒྱུ་དེ་འགག་གནད་དུ་བཟུང་ནས། དམངས་ཀྱི་ཆེད་དུ་དོན་དངོས་བསྒྲུབ་རྒྱུ་དེ་སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་ཞིབ་བཤེར་ཚད་ལེན་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩིས་ཏེ། མང་ཚོགས་ཀྱི་བྲེལ་དཀའ་འཕྲལ་སྒུག་ལ་དམ་པོར་དམིགས་ནས། ལས་ཞུགས་ཡོང་འབབ་འཕར་སྣོན་དང་ཚོང་གཉེར་ཁོར་ཡུག་ལེགས་བཅོས། དམངས་འཚོའི་རྣམ་གྲངས་སོགས་ཀྱི་ཁྱབ་ཁོངས་སུ་གནད་ལ་འཁེལ་བའི་སྒོ་ནས་ནུས་ཤུགས་བཏོན་ཏེ། མང་ཚོགས་ལ་སྤྱོད་ཚུལ་བསྒྱུར་བ་ལས་བྱུང་བའི་ཕན་འབྲས་དངོས་ཚོར་གང་ཐུབ་བྱས་ཡོད་ཟེར།

ཁུལ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་སློབ་སྦྱོང་སློབ་གསོའི་ཁྲོད་ལེགས་སྒྲིག་བྱས་པའི་རོང་འབྲོག་ཁུལ་མང་ཚོགས་ཀྱི“ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་དོག་པ་དང་རྩལ་ནུས་དཀོན་པའི”གནད་དོན་ལ་དམིགས་ཏེ། ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་ཡོང་འབབ་འཕར་སྣོན་བྱ་རྒྱུ་དེ་དམངས་ལ་དོན་དངོས་བསྒྲུབ་པའི་གཙོ་གནད་དུ་བརྩིས་ཡོད། ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ལས་རྨ་ལྷོའི་ལམ་དུམ་ལས་གཞིར་ས་གནས་རང་གི་ངལ་རྩོལ་ནུས་ཤུགས་འཛོམས་པའི་མི442མཐུན་སྦྱོར་བྱས་ནས་བསྡུ་ལེན་བྱས་པ་དང་།ངལ་ལས་གླ་ཕོགས་སྒོར་ས་ཡ་གསུམ་དང་འབུམ་གསུམ་ཁྲི་ལྔ་སྟོང་གཅིག་སྤྲད་པ་དང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་བདུན་སྟོང་ལྔ་བརྒྱ་གྱ་གཅིག་ལ་འཕར་ཡོད་ཅིང་།  ལས་ཞུགས་ལ་བརྟེན་ནས་རྒུད་སྐྱོབ་བྱེད་པའི་ལས་གཞི16དོན་འཁྱོལ་བྱས་པ་དང་། རོང་འབྲོག་པ246ལ་བསྡོམས་རྩིས་བྱས་ན་ངལ་ལས་གླ་ཕོགས་སྒོར་ས་ཡ་གཅིག་དང་འབུམ་གཅིག་ཁྲི་དགུ་སྟོང་གཅིག་སུམ་བརྒྱ་སྤྲད་ཡོད་ལ། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་བཞི་སྟོང་བརྒྱད་བརྒྱ་ཞེ་གསུམ་འཕར་ནས། དངོས་སྒྲུབ་ལ་བརྟེན་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་བར་རོགས་རམ་བྱས།

ཁུལ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཁེ་ལས་ཀྱིས་ཚུར་སྣང་བྱེད་ཀྱིན་པའི“ཆོག་འཐུས་སླ་ལ་གཉེར་སྐྱོང་དཀའ་བ་དང་ཞིབ་མཆན་འགོད་པ་རྙོག་འཛིང་ཆེ་ལ་ལས་ཆོད་དམའ་བ”སོགས་ཀྱི་འགག་གནད་ལ་དམ་པོར་དམིགས་ཏེ། སྤྱོད་ཚུལ་བསྒྱུར་ནས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་ཡོད་ཅིང་། ཀུན་གྱི་སྣེ་ཁྲིད་ནས་བཅོས་སྒྱུར་ཇུས་གཞི་བཟོས་ཏེ། “སྒེའུ་ཁུང་གཅིག་ལས་ལས་རིམ་ཡོད་ཚད་སྒྲུབ་ཐུབ་པ”དང་“མཉམ་འབྲེལ་སྒོས་ཞིབ་མཆན་འགོད་པའི”གོ་རིམ་སྔར་ལས་སྟབས་བདེ་ཅན་དུ་བཏང་བར་མ་ཟད། ཁེ་ལས་ཀྱི་རེ་འདུན་ལ“ཐད་གཏོང་མྱུར་ལམ”བཙུགས་ནས་ཆེད་མངགས་མི་སྣས་རྗེས་འདེད་བྱས་ཏེ་དུས་བཅད་ནང་ལས་དོན་ཐག་གཅོད་ཐུབ་པར་འགན་ལེན་བྱས། ཁེ་ལས་དང་འབྲེལ་བ་ཡོད་པའི་གྲོན་དངུལ་བསྡུ་ཚད་སྔར་ལས་ཚད་ལྡན་དུ་གཏོང་བ་དང་། ཁེ་ལས་ལ་ཕན་པ་ཡོད་པའི་སྲིད་ཇུས་ལ་སྐུལ་འདེད་བཏང་སྟེ། ཁེ་ལས་ཀྱི་སེམས་ཁྲལ་ཇེ་ཡང་དུ་བཏང་ནས་སྟབས་བདེའི་ངང་རང་སོ་སོའི་ལས་སྒོའི་ཁྲོད་ཞུགས་པར་འགན་སྲུང་བྱས།

ཁུལ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མང་ཚོགས་ཀྱིས་བཏོན་པའི“སྡོད་གནས་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུ་དང་སྤྱི་པའི་ཞབས་ཞུར་ཞན་ཆ་ཡོད་པའི”དགོས་མཁོར་དམིགས་ཏེ། དམངས་འཚོའི་རྣམ་གྲངས་དེ་སྤྱོད་ཚུལ་དངོས་ལ་བསྒྱུར་ནས་ལས་དོན་སྒྲུབ་བྱེད་ཀྱི་གཞི་རྟེན་དུ་བརྩིས་ཡོད། སྡེ་ཁག་མང་པོས་མཉམ་འགུལ་ངང་རེ་འདུན་གསེད་བཀྲོལ་བྱས་ནས་ད་ལོའི་ནང་མ་དངུལ་བསྡོམས་འབོར་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔ་བྱེ་བ་བཞི་བཏང་བའི་དམངས་འཚོའི་ལས་གཞི87དོན་འཁྱོལ་བྱས་པ་དེའི་ནང་། ཐུང་རེན་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་བཙོག་ཆུ་བཅོས་སྐྱོང་དང་རྩེ་ཁོག་རྫོང་གི་གྲོང་ཚོའི་གཞུང་ལམ་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ཚུད་ཡོད་ཅིང་། ལས་གཞི་ལག་བསྟར་བྱས་པ་དེས་མང་ཚོགས་ཀྱི་སྐྱིད་སྣང་སྔར་ལས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ནས། སློབ་སྦྱོང་སློབ་གསོས་དམངས་འཚོར་ཕན་འདོགས་པའི་རྣམ་པ་མངོན་པར་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།