
ཉེ་ལམ། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནོར་སྲིད་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མཚོ་བྱང་ཁུལ་གྱི་རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་དངུལ་གཏོང་སྒྲིག་གཞི་ལེགས་སྒྲིག་བྱས་ཏེ། རིགས་སོ་སོའི་མ་དངུལ་སྒོར་བྱེ་བ་ལྔ་དང་ས་ཡ་ལྔ་འབུམ་བརྒྱད་ཁྲི་དགུ་དང་སྟོང་བདུན་གཅིག་སྡུད་བྱས་ཏེ་མཐོ་འབྲིང་སློབ་གསོའི་དངུལ་གཏོང་འགན་སྲུང་བྱས་ནས། མཐོ་འབྲིང་སློབ་གསོའི་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
ཁུལ་ཡོངས་ཀྱིས་མཐོ་འབྲིང་སློབ་གསོའི་སྤྱི་སྤྱོད་གྲོན་དངུལ་ཁ་གསབ་རོགས་སྐྱོར་མ་དངུལ་སྒོར་ས་ཡ་ལྔ་དང་འབུམ་བརྒྱད་ཁྲི་བཞི་སྟོང་བརྒྱད་ལྔ་བརྒྱ་དང་མཐོ་འབྲིང་གི་བཅའ་སྡོད་སློབ་མའི་འཚོ་བའི་གྲོན་དངུལ་ཁ་གསབ་རོགས་སྐྱོར་མ་དངུལ་སྒོར་ས་ཡ་བཞི་དང་འབུམ་གཉིས་ཁྲི་དྲུག་ལྷག་གཅིག་གྱུར་བཀོད་སྒྲིག་བྱས་ཏེ། གཙོ་བོར་སྤྱི་སྤྱོད་གྲོན་དངུལ་དང་བཅའ་སྡོད་སློབ་མའི་འཚོ་བའི་གྲོན་དངུལ་ཁ་གསབ་བྱེད་པའི་ཐད་བཀོལ་སྤྱོད་བྱས། མཐོ་འབྲིང་སློབ་གསོའི་སློབ་མའི་ལོ་རེའི་ཆ་སྙོམས་ཀྱི་སྤྱི་སྤྱོད་གྲོན་དངུལ་སྟོང་གཅིག་ལས་མི་དམའ་བར་འགན་སྲུང་བྱས་ཏེ། ཁུལ་རིམ་པས་ལོ་རེར་སློབ་མ་རེར་སྒོར་སྟོང་གཅིག་ཡིན་པའི་མཐོ་འབྲིང་བཅའ་སྡོད་སློབ་མའི་འཚོ་བའི་ཁ་གསབ་གྲོན་དངུལ་ལ་རྒྱུན་མཐུད་ངང་འགན་ཁུར་བ་དང་། དེའི་རྨང་གཞིའི་སྟེང་དུ། རྫོང་སོ་སོས་སློབ་མའི་ཁྱིམ་ཐོ་དང་ཁོངས་གཏོགས་ས་ཁུལ་ལྟར་ལོ་རེར་སློབ་མ་རེ་ལ་སྒོར་ཉིས་བརྒྱས་ཁ་གསབ་རོགས་སྐྱོར་བྱས།
ཁུལ་ཡོངས་ཀྱིས་མཐོ་རིམ་སློབ་གསོའི་སློབ་མའི་ཁ་གསབ་རོགས་སྐྱོབ་མ་དངུལ་སྒོར་ས་ཡ་བདུན་དང་འབུམ་བདུན་ཁྲི་བཞི་ལྷག་བཏང་བ་དང་། དེ་གཙོ་བོ་རིན་མེད་སློབ་དེབ་དང་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ་ཁ་གསབ་སོགས་ཀྱི་ཐད་བཀོལ། ཁུལ་ཡོངས་ཀྱིས་སྤྱིར་བཏང་མཐོ་འབྲིང་གི་སློབ་སྒྲུབ་ཆ་རྐྱེན་ལེགས་བཅོས་བྱེད་པའི་ཐད་ཁ་གསབ་རོགས་སྐྱོར་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་བརྒྱད་ཁྲི་གསུམ་བཏང་བ་དང་། དེ་གཙོ་བོར་ཁུལ་ཁོངས་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གྲྭར་ཚན་རིག་ལྟར་བཀོད་སྒྲིག་འཆར་འགོད་བྱེད་པ་སོགས་ཀྱི་ཐད་བཀོལ་སྤྱོད་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།