
ཟླ8པའི་ཚེས12ཉིན་ནས་ཚེས13ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གནའ་མཁར་ཐང་ཆེན་དུ་མི་ཚོགས་ཀྱི་འདུ་འཛིས་ཁེངས་ཏེ་གླུ་སྐད་སྙན་མོ་ཕྱོགས་བཞིར་མཆེད། “དམངས་གླུ་སྙན་མོ་བླངས་ནས་མཚོ་སྔོན་ལ་བསྟོད་གླུ་འབུལ”ཞེས་པའི2025ལོའི་མཚོ་སྔོན་ཞིང་ཆེན་གྱི་སྡེ་བའི་དམངས་གླུ་འགྲན་བསྡུར་སྐབས་དང་པོའི་རྟིང་རྩོད་ཕྱེད་མ་གནས་དེ་རུ་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་དཔུང་ཁག32མཉམ་དུ་འཛོམས་ནས། ཨང་རིམ12ནང་ཚུད་པར་འགྲན་རྩོད་བྱེད་ཀྱིན་ཡོད།
འགྲན་བསྡུར་ཁྲོད། འགྲན་ཞུགས་རུ་ཁག་སོ་སོས་རང་ཉིད་ཀྱི་འཇོན་ནུས་ངོམ་པ་དང་། གླུ་སྐད་ལ་བརྟེན་ནས་ཕ་ཡུལ་གྱི་གཏམ་རྒྱུད་བརྗོད་ཀྱིན་ཡོད། གླུ་ཚིག་ལ་ལས་གྲོང་གསེབ་ཀྱི་ཡུལ་ལྗོངས་ཞིབ་འབྲི་བྱས་ཡོད་པས། མི་རྣམས་རི་སྔོ་ཆུ་དྭངས་དང་མཉམ་དུ་གནས་པ་དང་འདྲ། ལ་ལས་དམངས་སྲོལ་གྱི་ཡུལ་སྲོལ་གོམས་གཤིས་ལ་བརྟེན་ནས་གྲོང་གསེབ་ཀྱི་འཚོ་བའི་སྣང་ཚུལ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད། ད་དུང་བརྩམས་ཆོས་ཁ་ཤས་ཀྱིས་གྲོང་གསེབ་ཀྱི་འགྱུར་ལྡོག་དང་འཕེལ་རྒྱས་ལ་དམིགས་ནས། ཡུལ་མི་ཚོས་མ་འོངས་བའི་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་དང་རེ་སྙེག་བྱེད་པ་མཚོན་ཡོད། ཕུན་སུམ་ཚོགས་པའི་རིག་རྩལ་བརྩམས་ཆོས་བརྒྱུད་དེ་འགྲན་བསྡུར་གྱི་རྣམ་པས་སྟེགས་བུའི་སྟེང་འཁྲབ་སྟོན་བྱས་པ་དེས་རོལ་དབྱངས་དང་ཕ་ཡུལ་ལ་དགའ་བའི་རིག་རྩལ་ལས་དོན་པར་རང་ཉིད་ཀྱི་ཁྱད་ཆོས་མངོན་པ་དང་བརྗེ་རེས་སློབ་སྦྱོང་གི་སྟེགས་བུ་འདོན་སྤྲོད་བྱས་པར་མ་ཟད། མཚོ་སྔོན་གྱི་གྲོང་གསེབ་རིག་གནས་ཀྱི་གསོན་ཤུགས་མངོན་པར་བྱས་པ་དང་། ས་གནས་རང་གི་གྲོང་གསེབ་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ཏུ་གྱུར་ཡོད།
གླེང་རིན་ཡོད་པ་ཞིག་ནི་ཐེངས་འདིའི་སྡེ་བའི་དམངས་གླུ་འགྲན་བསྡུར་དྲ་ཐོག་ཏུ་ཐད་གཏོང་བྱས་པ་བརྒྱུད། འགྲན་བསྡུར་གྱི་སྤྱི་ཚོགས་ཤུགས་རྐྱེན་སྔར་ལས་ཆེ་རུ་ཕྱིན་པ་མ་ཟད། མི་སྔར་ལས་མང་པོ་དྲ་རྒྱ་བརྒྱུད་དེ་རིག་གནས་ཀྱི་གསོལ་སྟོན་ཆེན་པོར་རོལ། འགྲན་བསྡུར་ནང་ཞིང་ཆེན་ཕྱི་ནང་གི་རོལ་དབྱངས་མངའ་ཁོངས་ཀྱི་ཆེད་མཁས་པ་མང་པོ་གདན་འདྲེན་ཞུས་ནས། འགྲན་བསྡུར་ལ་ཞུགས་པའི་བརྩམས་ཆོས་ལ་ཕྱོགས་ཡོངས་ནས་ཞིབ་ཕྲའི་དཔྱད་ཞིབ་བྱས་པ་མ་ཟད་ཆེད་ལས་ཀྱི་མཛུབ་ཁྲིད་བསམ་འཆར་ཡང་བཏོན།
རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི་དམངས་གླུ་འགྲན་བསྡུར་ཆེན་མོའི་མཇུག་མཐའི་རྟིང་རྩོད་ཟླ9པའི་ཚེས23ཉིན་གུང་ཧོ་རྫོང་དུ་སྤེལ་རྒྱུ་རེད།
ཤ་བོ་རིན་མཚོས་བསྒྱུར།