ཞིང་ཆེན་སྲིད་གྲོས་ཀྱིས་ཞིང་ཆེན་དང་གྲོང་ཁྱེར་།  རྫོང་བཅས་རིམ་པ་གསུམ་གྱི་སྲིད་གྲོས་ཀྱིས་མཉམ་དུ་གྲོས་གཞི་སྒྲུབ་སྐུལ་བྱེད་པའི་བྱ་འགུལ་སྤེལ།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 9

ཟླ8པའི་ཚེས12ཉིན་ནས་ཚེས13ཉིན་བར།   ཞིང་ཆེན་སྲིད་གྲོས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་དང་མདོ་ལ་རྫོང་དུ་སོང་ནས་དམར་པོའི་ཡུལ་སྐོར་འཕེལ་རྒྱས་ལ་དམིགས་ནས་ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་སྲིད་གྲོས་ཀྱིས་མཉམ་དུ་གྲོས་གཞི་སྒྲུབ་སྐུལ་བྱེད་པའི་བྱ་འགུལ་སྤེལ།

སྒྲུབ་སྐུལ་ཚན་ཆུང་གིས་མདའ་བཞི་རྫོང་མཐོན་པོ་རིའི་སྐྱེ་ཁམས་ཡུལ་སྐོར་དང་དམར་པོའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་སོགས་སུ་ཡུལ་དངོས་ནས་རྟོག་ཞིབ་བྱས་པར་མ་ཟད།    གྲོས་གཞི་སྒྲུབ་པའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས་ནས།   གྲོས་གཞི་སྒྲུབ་པའི་གནས་ཚུལ་ངོ་སྤྲོད་བྱས་པར་ཉན་པ་དང་།    དམར་པོའི་ཡུལ་སྐོར་འཕེལ་རྒྱས་ཐད་བརྗེ་རེས་དང་གྲོས་མོལ་བྱས།

སྒྲུབ་སྐུལ་ཚན་ཆུང་གིས་དམར་པོའི་ཡུལ་སྐོར་འཕེལ་རྒྱས་དང་དམར་པོའི་གཞི་རྒྱུ་རྒྱུན་འཛིན།     དམར་པོའི་ཁྲག་རྒྱུན་རྒྱུན་མཐུད་བཅས་བྱེད་པ་ནི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞེས་བསྟན།  ཁོ་ཚོས་ནན་གྱིས་བསྟན་དོན།   རྡུལ་ཕྲན་མཁར་གྱི་ལོ་རྒྱུས་ཀྱི་གོ་གནས་གལ་ཆེན་ལ་དམིགས་ནས་ཇུས་འགོད་རྩེ་གྲས་ལ་ཤུགས་བསྣན་ཏེ།    སྤུས་ཚད་མཐོན་པོས་རང་རྒྱལ་གྱི་ཉིང་རྡུལ་མཚོན་ཆ་ཞིབ་འཇུག་སྒྲིག་བཟོ་རྟེན་གཞི་ཐོག་མ་སྲུང་སྐྱོབ་དང་གསར་སྤེལ་བེད་སྤྱོད་བྱེད་པའི་སྤྱིའི་འཆར་འགོད་སྒྲིག་བཟོ་བྱེད་པ་དང་།    ལོ་རྒྱུས་ཡིག་ཚགས་བསྡུ་རུབ་བྱེད་པའི་བྱེད་ཐབས་རྒྱ་བསྐྱེད་པ།    ཁྱད་ཆོས་ལྡན་པའི་ནང་སྙིང་སྔོག་འདོན་བྱས་ཏེ་རྡུལ་ཕྲན་མཁར་དེ་དམར་པོའི་མཛེས་ལྗོངས་ཁུལ་མིང་གྲགས་ཅན་དུ་འཛུགས་སྐྲུན་བྱེད་དགོས།   ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་དམིགས་ནས།   ཚན་རིག་ལྟར་ཡུལ་སྐོར་སྤུས་ལེགས་ལམ་ཐིག་ཇུས་འགོད་དང་ཆེད་ལས་ཅན་གྱི་ཚོང་གཉེར་རུ་ཁག་བསྐྲུན་པ།   མཉམ་འབྲེལ་དྲ་བ་སོགས་དྲིལ་སྒྲོག་སྨྱན་བྱད་བེད་སྤྱོད་བྱས་ཏེ། ཡུལ་སྐོར་ཐོན་ཁུངས་གཅིག་སྡུད་བྱས་ནས་མཚོ་བྱང་ཁུལ་གྱི་དམར་པོའི་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་།    དམར་པོའི་ཡུལ་སྐོར་ཕན་ནུས་མཐོར་འདེགས་གཏོང་དགོས།    དམར་པོའི་ཡུལ་སྐོར་དང་ཞིབ་འཇུག་སློབ་སྦྱོང་མཉམ་བསྲེས་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པ་དང་།    མཚོ་སྔོན་གྱི་མདེལ་གཉིས་སྐར་གཅིག་ལས་བྱེད་པའི་སློབ་གླིང་སྣེ་ཁྲིད་དུ་བྱས་ནས།    སྔར་ལས་ཤུགས་རྐྱེན་ལྡན་པའི་དམར་པོའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་བསྐྲུན་ཏེ།   རིག་གནས་ཡུལ་སྐོར་ཐོན་ལས་ཚུལ་སྒྱུར་རིམ་སྤོར་དང་སྤུས་འདེགས་རྒྱ་བསྐྱེད་ལ་སྐུལ་འདེད་གཏོང་བ།   དམར་པོའི་ཡུལ་སྐོར་དང་ཁོར་ཡུག་སྲུང་སྐྱོབ།   གྲོང་གསེབ་དར་སྤེལ།   མི་རིགས་མཐུན་སྒྲིལ་བཅས་ཀྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱས་ཏེ་རིགས་སོ་སོའི་མང་ཚོགས་ལ་ཕན་ཁེ་ཐོབ་པར་བྱེད་དགོས།

ལྷ་མོ་ཚེ་རིང་གིས་བསྒྱུར།