
ཟླ8པའི་ཚེས12ཉིན། གསར་འགོད་པས་ཞིང་ཆེན་མེ་ཟོན་བདེ་འཇགས་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་བྱེད་ཐབས་མང་པོ་སྤྱད་དེ་གྲོང་གསེབ་ཀྱི་མེ་ཟོན་བདེ་འཇགས་བྱ་བར་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། མིག་སྔའི་གྲོང་གསེབ་ཀྱི་མེ་སྐྱོན་སྔོན་འགོག་ཚོད་འཛིན་གྱི་འབུར་ཐོན་གནད་དོན་ཐག་གཅོད་གང་ལེགས་བྱས་ནས། རོང་འབྲོག་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱས།
ཉེ་བའི་ལོ་ཤས་། རིང་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་ཀྱི་མེ་ཟོན་བྱ་བའི་སྐོར་ནས་ཕན་འབྲས་བླངས་ཡོད་མོད། འོན་ཀྱང་བྱ་བའི་ཐད་སྔར་བཞིན་མི་འདང་ས་ཡོད་པས་མེ་སྐྱོན་བྱུང་བའི་གནས་ཚུལ་སྔར་བཞིན་ཡོད་པ་དང་། མེ་སྐྱོན་ཆུང་ཆུང་གིས་མི་སྣར་ཤི་རྨས་བཟོས་པའི་སྣང་ཚུལ་ཡང་རྟག་ཏུ་འབྱུང་བཞིན་ཡོད། དེར་བརྟེན། མཚོ་སྔོན་ཞིང་ཆེན་གྱིས་སྔོན་འགོག་དང་མེ་ཟོན་ཟུང་འབྲེལ། ཚན་རྩལ་ནུས་སྤྲོད་སོགས་མ་ལག་རང་བཞིན་གྱི་བྱེད་ཐབས་སྤྱད་དེ་གྲོང་གསེབ་ཀྱི་མེ་སྐྱོན་སྔོན་འགོག་ཚོད་འཛིན་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་བཏང་།
མེ་ཟོན་སྡེ་ཁག་གིས་རང་གིས་ཁང་པ་དང་དུད་ཁུང་། འབུད་ཤིང་། གློག་སྐུད་སོགས་ལ་གཅིག་སྡུད་ཞིབ་བཤེར་དང་བཅོས་སྐྱོང་བྱས་ཏེ། གྲོང་མིས་མེ་དང་གློག་བཀོལ་སྟངས་ཚད་ལྡན་དུ་གཏོང་བར་ཁྲིད་སྟོན་བྱས། དེ་དང་མཉམ་དུ་མེ་ཟོན་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པ་དེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཁྲོད་བཅུག་ནས། “འཆམ་མཛེས་གྲོང་གསེབ”འཛུགས་སྐྲུན་བྱེད་པ་དང་། གློག་དྲ་བསྒྱུར་བཀོད་སོགས་ཀྱི་སྲིད་ཇུས་དང་གཅིག་གྱུར་གྱིས་སྐུལ་འདེད་བཏང་སྟེ། མེ་སྐྱོན་འགོག་པའི་ནུས་པ་ཆེ་རུ་བཏང་། སྟོབས་ཤུགས་འཛུགས་སྐྲུན་བྱེད་པར་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། རུ་ཁག་གཅིག་དང་སྡོད་ཁང་གཅིག་གི་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། ཆེད་ལས་དང་ཞོར་ལས་མི་སྣ་ཆ་ཚང་བཀོད་སྒྲིག་བྱེད་པ། ཚད་གཞི་ལྟར་དུ་དང་བླངས་པའི་མེ་ཟོན་རུ་ཁག་བཙུགས་ནས་མེ་ཟོན་དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་བྱས་ཏེ། རིག་ནུས་མེ་ཟོན་གྲོང་གསེབ་ཏུ་སྣུར་སྲིང་བྱེད་པར་སྐུལ་འདེད་བཏང་བ་དང་། དངོས་པོའི་དྲ་སྦྲེལ་སོགས་ཀྱི་ལག་རྩལ་སྤྱད་དེ་ཉེན་བརྡའི་ལྟ་ཞིབ་ཚད་ལེན་གྱི་ཆུ་ཚད་མཐོ་རུ་བཏང་།
གཞན་ཡང་སྡེ་ཁག་མང་པོའི་གཅིག་གྱུར་མཐུན་སྦྱོར་ལ་ཤུགས་བསྣན་ནས། ཞིང་ལས་ཞིང་སྡེ་དང་། རང་བྱུང་ཐོན་ཁུངས། དྲིལ་སྒྲོག སྡོད་ཁང་འཛུགས་སྐྲུན་སོགས་སྡེ་ཁག་གིས་སྲིད་ཇུས་དང་མ་རྩ། ལས་གཞི་བཅས་ཀྱི་ཐད་མཉམ་ལས་ཀྱི་རྣམ་པ་གྲུབ་པར་བྱས་ནས། བྱ་བའི་ཕན་འབྲས་དངོས་ལེན་པར་འགན་ལེན་བྱས་ཏེ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་བདེ་འཇགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས།
གཡང་འབུམ་རྒྱལ་གྱིས་བསྒྱུར།