
ཉེ་ལམ། གསར་འགོད་པས་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་གི་དྲག་ཤུགས་ལ་རྒོལ་བའི་སྲོལ་ཡིག་དང་མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་སློབ་གསོའི་སྐུལ་འདེད་སྲོལ་ཡིག མཚོ་སྔོན་ཞིང་ཆེན་གྱི་ནར་མ་སོན་པའི་བྱིས་པའི་སྲུང་སྐྱོབ་སྲོལ་ཡིག་བཅས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གསུམ2024ལོ་ནས་བཟུང་བསྟུད་མར་ལག་བསྟར་བྱས་པ་དང་བསྟུན་ནས། མཚོ་སྔོན་ཞིང་ཆེན་གྱིས་ཁྱིམ་ཚང་གི་དྲག་ཤུགས་ལ་རྒོལ་བ་དང་ཁྱིམ་ཚང་གི་སློབ་གསོ། ནར་མ་སོན་པའི་བྱིས་པའི་སྲུང་སྐྱོབ་སོགས་ཁྱབ་ཁོངས་གཙོ་བོར་ཁེབས་པའི་ཞིང་ཆེན་རིམ་པའི་ཁྱིམ་ཚང་ཁྱིམ་དོན་ཁྲིམས་སྲོལ་མ་ལག་སྔོན་ལ་བཙུགས་པ་དང་། འབྲེལ་ཡོད་བྱ་བ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་དེ། ཁྱིམ་ཚང་འཆམ་མཐུན་དང་བུད་མེད་དང་བྱིས་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་ཁྲིམས་སྐྱོང་གཞི་རྩ་ཇེ་བརྟན་དུ་བཏང་།
མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་གི་དྲག་ཤུགས་ལ་རྒོལ་བའི་སྲོལ་ཡིག་ནང་། ལུས་ཕུང་དང་བསམ་བློའི་དྲག་ཤུགས་སོགས་ཀྱི་རྣམ་པ་གཏན་འཁེལ་གསལ་བོ་བྱས་ཏེ། དྲ་རྒྱའི་གནོད་འཚེ་སྒྲིག་སྲོལ་གྱི་ཁྱབ་ཁོངས་སུ་བཞག་ནས། ཁྱིམ་ཚང་དྲག་ཤུགས་རྣམ་པ་གཏན་འཁེལ་གསལ་བོ་བྱས། དམིགས་བསལ་མི་ཚོགས་ལ་དམིགས་ནས། སྲོལ་ཡིག་ནང་སློབ་གྲྭ་དང་སྨན་བཅོས་སྡེ་ཁག་གི་བཙན་སྐུལ་སྙན་ཞུའི་འགན་འཁྲི་ཇེ་དྲག་ཏུ་བཏང་བ་དང་། ཁྱིམ་ཚང་གི་དྲག་ཤུགས་ལ་རྒོལ་བའི་བྱ་བ་མི་རིགས་ས་ཁུལ་གྱི་དྲ་མིག་ཅན་གྱི་དོ་དམ་ཁྲོད་འཇོག་པ་སོགས་བྱས་ནས་གྱོད་གཞི་ཐག་གཅོད་ཕན་འབྲས་མངོན་གསལ་སྒོས་ཇེ་མཐོར་སོང་།
མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་སློབ་གསོའི་སྐུལ་འདེད་སྲོལ་ཡིག་གིས་ཁྱིམ་ཚང་གིས་འགན་སྒྲུབ་བྱེད་པ་དང་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ། སྤྱི་ཚོགས་ཀྱིས་མཐུན་སྦྱོར་བྱེད་པའི་མི་སྐྱོང་གི་རྣམ་པ་གསར་པ་བཙུགས་ནས། ཕྱོགས་སོ་སོའི་འགན་འཁྲི་གཏན་འཁེལ་གསལ་བོ་བྱས། སྡེ་བའི་ལོ་རྒྱུས་ཁང་དང་དམངས་སྲོལ་ཁང་སོགས་ལ་བསྟེན་ནས་སྲོལ་རྒྱུན་དང་དེང་རབས་སློབ་གསོའི་འདུ་ཤེས་མཉམ་བསྲེས་སོགས་བྱས་ཏེ། མི་རིགས་རིག་གནས་གཅིག་སྡུད་སྟོབས་ཤུགས་ནུས་ཡོད་སྒོས་ཇེ་དྲག་ཏུ་བཏང་།
ནར་མ་སོན་པའི་མི་བདེ་འཇགས་ངང་འཚར་ལོངས་འབྱུང་བར་དམིགས་ནས། མཚོ་སྔོན་ཞིང་ཆེན་གྱི་ནར་མ་སོན་པའི་མི་སྲུང་སྐྱོབ་སྲོལ་ཡིག་གིས་ཁྱིམ་ཚང་དང་སློབ་གྲྭ། སྤྱི་ཚོགས། དྲ་རྒྱ། སྲིད་གཞུང་། ཁྲིམས་འཛིན་སོགས་ཕྱོགས་དྲུག་གཞི་གཅིག་གི་འགོག་སྲུང་དྲ་རྒྱ་བརྟན་པོར་བཙུགས། དྲ་རྒྱའི་དུས་རབས་ཀྱི་འགྲན་རྩོད་ལ་གཞིགས་ནས། སྲོལ་ཡིག་ནང་དྲ་རྒྱའི་སྲུང་སྐྱོབ་ཆེད་དོན་སྲོལ་ཡིག་གསར་དུ་བསྣན་ཏེ་སྟེགས་བུའི་འགན་འཁྲི་ཇེ་དམ་དུ་བཏང་སྟེ། ཆ་འཕྲིན་ངན་པའི་བསླུ་བྲིད་དང་རོལ་རྩེད་ལ་གཡེང་བ་སོགས་ཀྱི་གནད་དོན་གཙོ་བོ་དམིགས་སུ་བཀར་ནས་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཁོར་ཡུག་བཟང་བོ་བསྐྲུན།
ལྷ་མོ་ཚེ་རིང་གིས་བསྒྱུར།