
ཟླ8ཚེས15ཉིན་གྱི་སྔ་དྲོར། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པ་བརྗོད་དོན་གཙོ་བོ་ཡིན་པའི་མཚོ་སྔོན་ཞིང་ཆེན་གྱི8.15རྒྱལ་ཡོངས་སྐྱེ་ཁམས་ཉིན་མོའི་དྲིལ་སྒྲོག་བྱ་འགུལ་དེ་དཀྱིལ་སྙིང་ཐང་ཆེན་དུ་སྤེལ་བ་དང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཁྲིམས་འཛིན་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་སོགས་ལས་ཁུངས་ཉི་ཤུ་ལྷག་གིས་དྲིལ་སྒྲོག་སྟེགས་བུ་འཛུགས་པ་དང་དྲིལ་སྒྲོག་བྱང་བུ་སྟེར་བ། དྲིས་ལན་བཏབ་ན་བྱ་དགའ་སྟེར་བ་སོགས་བྱེད་ཐབས་སྣ་མང་བརྒྱུད་ནས་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་དང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ཁྱབ་བརྡལ་བཏང་།
ད་ལོ་ནི་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བཏོན་ནས་ལོ20འཁོར་བའི་ལོ་ཡིན་པས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་རྐང་ཚུགས་ཏེ། གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པ་དང་། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་འཁུར་བ། ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་མཐོ་གནས་བསྐྲུན་པ། སྲུང་ཡོལ་གཉིས་དང་ཁུལ་གསུམ་གྱི་སྐྱེ་ཁམས་བདེ་འཇགས་ཆགས་སྟངས་མགྱོགས་མྱུར་ངང་འཛུགས་པ། སྐྱེ་ཁམས་སྲུང་ཡོལ་གྱི་བྱེད་ནུས་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་བས་ལྗང་མདོག་ཁྱིམ་གཞིས་མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་སུ་གྱུར། བྱ་འགུལ་ཡུལ་དངོས་སུ་གྲུབ་འབྲས་འགྲེམ་སྟོན་ཁུལ་དང་རིག་རྩལ་འཁྲབ་སྟོན་ཁུལ། མཉམ་འགུལ་ཉམས་ལེན་ཁུལ་དང་བཅའ་ཁྲིམས་དྲིལ་སྒྲོག་ཁུལ་བཅས་སྒྲིག་འཛུགས་བྱས་ཡོད་པ་དང་། བྱ་འགུལ་གྱི་ནང་དོན་ལ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱས་པའི་གྲུབ་འབྲས་འགྲེམ་སྟོན་དང་། སྐྱེ་ཁམས་རིག་གནས་དྲིལ་སྒྲོག་འཁྲབ་སྟོན། དམངས་ཡོངས་སྐྱེ་ཁམས་རིག་གནས་མཉམ་འགུལ་ཉམས་ལེན་སོགས་འདུ་ལ། ཕྱོགས་ཡོངས་དང་ཟུར་ཚད་མི་འདྲ་བ། ལངས་གཟུགས་ཅན་གྱིས་རང་ཞིང་གིས་སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་ཁྱབ་ཁོངས་སུ་བླངས་པའི་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་དང་དཔེ་མཚོན་རང་བཞིན་གྱི་གྲུབ་འབྲས་འགྲེམ་སྟོན་བྱས་ཡོད།
བྱ་འགུལ་ཡུལ་དངོས་སུ། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ངང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བྱེད་པ་དང་། དཔལ་འབྱོར་ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ། ལྗང་མདོག་ཐཱན་ཉུང་གི་འཚོ་བར་གྲོས་གཞི་འདོན་པ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་སྒྱུར་བྱེད་པ། འཆམ་མཛེས་ཞིང་སྡེ་འཛུགས་སྐྲུན་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་རིག་གནས་དར་སྤེལ་གཏོང་བ། མཉམ་འཛུགས་མཉམ་སྤྱོད་ལ་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་གྱི་དཔེ་སྟོན་ལ་སྐུལ་འདེད་གཏོང་མཁན་དང་། རི་སྔོ་ཆུ་དྭངས་ཀྱི་འགྱུར་མེད་སྲུང་སྐྱོབ་མཁན། མཛེས་སྡུག་མཚོ་སྔོན་གྱི་བརྒྱུད་སྒྲོག་མཁན་བཅས་བྱེད་པར་བརྩོན་ལེན་བྱེད་དགོས་པའི་གྲོས་གཞི་བཏོན།
རྒྱུན་ལོན་བྱུང་བ་ལྟར་ན། ཉིན་དེར་བསྡོམས་པས་དྲིལ་སྒྲོག་འགྲེམ་པང་དྲུག་ཅུ་ལྷག་དང་། རིགས་སོ་སོའི་བརྙན་པར་དང་རི་མོ། ཡིག་གཟུགས་བརྩམས་ཆོས་བརྒྱ་ལྷག་འགྲེམ་སྟོན་བྱས་པ་དང་། བཅའ་ཁྲིམས་དྲིལ་སྒྲོག་བྱང་བུ་ཁྲི་གཅིག་ལྷག་བྱིན་ལ། དངོས་པོའི་སྐྱེ་ཁམས་ཐོན་རྫས་རིགས་དགུ་འགྲེམས་སྟོན་བྱས་ཤིང་། བཅའ་ཁྲིམས་ཤེས་བྱའི་ཐད་ཀྱི་དྲིས་ལན་བཏབ་ན་བྱ་དགའ་སྟེར་བའི་བྱ་འགུལ་ལ་ཞུགས་མཁན་གྱི་ལས་བྱེད་མང་ཚོགས་མི་ཐེངས་སྟོང་ལྷག་ལ་སླེབས།
ཤ་བོ་གསེར་མཚོས་བསྒྱུར།