
ཟླ8པའི་ཚེས11ཉིན་ནས་ཚེས15ཉིན་བར། ཆུ་འཐུང་དུས་ཆུའི་འབྱུང་ཡུལ་དྲན་པ་དང་གཙང་གསུམ་མགོ་ཁུངས་ཀྱི་འཚོལ་ཞིབ་ཅེས་པའི་བྱེད་སྒོ་སྐབས་ལྔ་བའི་མཇུག་བསྡུས། ཐེངས་འདིའི་བྱེད་སྒོ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དངུལ་རྩ་ཚོགས་པས་ལས་ཁུངས་མང་པོར་མཉམ་འབྲེལ་བྱས་ནས་གཙོ་སྒྲུབ་བྱས་པ་ཡིན་ལ། ཞིང་ཆེན་ཕྱི་ནང་གི་ལས་རིགས་སོ་སོའི་མི་སྣ70ལྷག་དེའི་ཁྲོད་ཞུགས། བྱེད་སྒོ་དེ་ལམ་ཐིག་གསུམ་ལ་མཉམ་ཞུགས་ཀྱི་རྣམ་པས་སྤེལ་བ་དང་། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་གསུམ་གྱི་འགྲེམ་ཁུལ་དུ་སོང་ནས་མགོ་ཁུངས་འཚོལ་བའི་རྟོག་ཞིབ་བྱས།
བྱེད་སྒོའི་སྐབས་སུ་དེར་ཞུགས་པའི་ལས་རིགས་སོ་སོའི་མི་སྣ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་སོང་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རང་བྱུང་གི་བཀོད་པ་དང་ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས་ཉམས་སུ་མྱངས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་རིན་ཐང་གལ་ཆེན་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་རྒྱུས་ལོན་བྱས། སྤྱི་ཚོགས་ཡོངས་ལ་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལས་རིགས་ཐད་ཀྱི་གྲུབ་འབྲས་དྲིལ་སྒྲོག་བྱས་པ་དང་། སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན་ཐད་ཀྱི་ངོས་ཟིན་མཐོར་འདེགས་བཏང་ནས་ཚང་མ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་རིགས་ཁྲོད་ཞུགས་པར་འབོད་སྐུལ་བཏང་།
ཐེངས་འདིའི་བྱེད་སྒོས་མྱོང་བ་ཟབ་མོ་བྱས་པ་བརྒྱུད། ཟབ་ཞུགས་པ་རྣམས་ཀྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་དམངས་སྲོལ་རིག་གནས། ཁོར་སྲུང་བྱ་བར་རྒྱུས་ལོན་གསལ་བོ་བྱས་ནས་མི་རྣམས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་བརྩེ་བ་རྣལ་མ་གཟེངས་སུ་བཏོན་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ལས་རིགས་ཐད་གསོན་ཤུགས་གསར་བ་བསྣན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དངུལ་རྩ་ཚོགས་པའི་འབྲེལ་ཡོད་མི་སྣས་བསྟན་དོན། རྗེས་ཕྱོགས་བྱེད་སྒོ་འདིའི་རིགས་མུ་མཐུད་དུ་སྤེལ་ནས་སྤྱི་ཚོགས་ཀྱི་སྣེ་མང་པོ་སྐྱེ་ཁམས་སྲུང་སྐྱོབ་ཐད་ཟབ་ཞུགས་བྱེད་པར་འབོད་སྐུལ་བཏང་སྟེ་ཚེ་སྲོག་གི་འབྱུང་ཁུངས་རྣལ་མ་འདི་གཏན་དུ་སྲུང་དགོས།
མི་ཕམ་གྱིས་བསྒྱུར།