
ཟླ8པའི་ཚེས15ཉིན། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་དང་ལུས་རྩལ་ཡུལ་སྐོར་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་སྡུར་སྐབས་བརྒྱད་པ་འཚོག་ལ་ཉེ་བའི་སྐབས་འདིར། མཚོ་ལྷོ་བོད་རིགས་སྐྱོང་ཁུལ་གྱི་ལུས་རྩལ་པ196གིས་འགྲན་སྡུར་ལ་ཞུགས་པར་གྲ་སྒྲིག་གང་ལེགས་བྱས།
ཐེངས་འདིར་མཚོ་ལྷོ་ཁུལ་གྱིས་འགྲན་སྡུར་ལ་ཞུགས་པའི་རུ་ཁག་འཛུགས་སྐྱོང་ཞིབ་མོ་བྱས་ཏེ། གཡག་རྒྱུག་དང་མདའ་འཕེན། སྐྱ་རྩལ། དྲག་རྩལ། སྐོར་བྲོ། ཐག་འཐེན། བོད་འགྱིག་སོགས་འགྲན་སྡུར་རྣམ་གྲངས་སྣ་བཅུ་དང་འཁྲབ་སྟོན་རྣམ་གྲངས་སྣ་གཅིག་བཅས་ཡོད། ཆེས་འཇོན་པའི་འགྲན་ཞུགས་པ་འདེམ་ཆེད་ཁུལ་རིག་གནས་དང་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་ཅུའུ་ཡིས་རྫོང་སོ་སོ་ནས་ཕུལ་བྱུང་འཇོན་མི་རྒྱ་ཁྱབ་ངང་བསྡུ་རུབ་བྱས་པ་དང་། ཁུལ་རིམ་པའི་འགྲན་སྡུར་ཁྲོད་ཆེས་འཇོན་པའི་མི་སྣ་བདམས་ནས་རུ་ཁག་གི་རྩལ་འགྲན་ཆུ་ཚད་དང་མི་རིགས་ཀྱི་ཁྱད་ཆོས་ལ་ཁག་ཐེག་བྱས།
མིག་སྔར། རིགས་སོ་སོའི་ལུས་རྩལ་པ་རྣམས་ཁུལ་མི་རིགས་ལུས་རྩལ་ཁང་དང་རྫོང་སོ་སོའི་དམངས་ཡོངས་ཀྱི་ལུས་རྩལ་བྱ་འགུལ་ལྟེ་གནས་སུ་སྒོ་རྒྱ་བཅད་ནས་སྦྱོང་བརྡར་བྱེད་བཞིན་ཡོད། རུ་མི་རྣམས་ཀྱིས་རྩལ་ཁྲིད་པའི་མཛུབ་ཁྲིད་འོག ལག་རྩལ་གྱི་དཀའ་གནད་ལ་ཁ་གཏད་ནས་སྦྱོང་བརྡར་དང་ལུས་སྟོབས་གསོག་འཇོག་ལ་མུ་མཐུད་དུ་ཤུགས་བསྣན་པ་དང་། རྩལ་འགྲན་རྣམ་པ་བརྟན་འཇགས་ངང་མཐོར་འདེགས་བཏང་། དེའི་ཁྲོད་གཡག་རྒྱུག་འགྲན་སྡུར་གྱི་སྙན་པ་བསྒྲགས་ཡོང་སྟེ། ཟླ8པའི་ཚེས12ཉིན་གྱི་འགྲན་སྡུར་ཁྲོད་མཚོ་ལྷོ་ཁུལ་གྱི་འགྲན་ཞུགས་པ་གཉིས་ལ་ཨང་གཉིས་པ་དང་གསུམ་པ་ཐོབ་ནས་སྤྱིའི་འགྲན་སྡུར་གྱི་གྲ་སྒྲིག་ཐད་སྒུལ་ཤུགས་བསྣན།
མི་ཕམ་གྱིས་བསྒྱུར།