རྨ་ལྷོ་ཁུལ་གྱི་དང་བླངས་པ130ལྷག་གིས་ལུས་རྩལ་གྱི་དགྱེས་འཛོམས་ལ་སྲུང་སྐྱེལ་བྱས།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ8པའི་ཚེས15ཉིན། གུང་གཞོན་ཚོགས་པ་རྨ་ལྷོ་ཁུལ་ཨུའི་ལས་བྱེད་པ་འབྲུག་རྒྱལ་ཚེ་རིང་གིས་ངོ་སྤྲོད་བྱས་ནས་བཤད་རྒྱུར། ཟླ8པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བརྒྱད་པའི་དང་བླངས་ཞབས་ཞུའི་སྐུལ་སློང་གསོ་སྦྱོང་ཚོགས་འདུ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་དམངས་ཞབས་ཞུའི་ལྟེ་གནས་སུ་འཚོགས་པ་དང་། དེའི་སྟེང་ནས་སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་དང་བླངས་ཞབས་ཞུའི་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་བརྩམས་པ་མཚོན་གྱིན་ཡོད་ཟེར།

ཐེངས་འདིའི་དང་བླངས་ཞབས་ཞུར་འགྲན་བསྡུར་ཞབས་ཞུ་དང་འཁྲབ་སྟོན་ཞབས་ཞུ། རྒྱབ་ཕྱོགས་མཁོ་སྒྲུབ་སྣེ་ལེན། བདེ་འཇགས་འགན་ལེན། ཕྱོགས་བསྡུས་མཐུན་སྦྱོར། སྐབས་བསྟུན་འབྲེལ་གཏུག་བཅས་ཀྱི་ལས་གནས་རིགས་དྲུག་བཀོད་སྒྲིག་ཞིབ་ཚགས་བྱས་ཡོད་ལ།  ལས་གནས་དེ་དག་ནི་ལྟད་མོ་བ་འགྲན་ར་ལ་འཛུལ་བར་ཁྲིད་སྟོན་དང་སྐུ་མགྲོན་ལ་བརྒྱུད་རིམ་ཧྲིལ་པོར་སྣེ་ལེན་བྱེད་པ། འགྲན་རའི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ། མཐའ་འཁོར་གྱི་འགྲིམ་འགྲུལ་སྣེ་ཁྲིད་སོགས་འགྲན་བསྡུར་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཡོད། འགྲན་བསྡུར་མ་བྱས་སྔོན་གྱི་གྲ་སྒྲིག་ནས་འགྲན་བསྡུར་དངོས་་ཀྱི་འཁོར་སྐྱོད་དང་། དེ་ནས་འགྲན་བསྡུར་རྗེས་ཀྱི་ལས་རིམ་ཚང་མར་ཆེད་མངགས་མི་སྣས་འགན་འཁུར་རྒྱུ་དང་གནད་ལ་འཁེལ་བའི་སྒོ་ནས་འབྲེལ་མཐུད་བྱ་རྒྱུར་འགན་ལེན་བྱས་ནས། ཕན་ཚུན་དམ་པོར་འབྲེལ་བའི་ཞབས་ཞུའི་མ་ལག་ངང་གིས་གྲུབ་པར་བྱས་ཡོད།

ཁུལ་ཡོངས་ཀྱི་ས་གནས་སོ་སོ་དང་ལས་རིགས་ཁག་སོ་སོ་ནས་ཡོང་བའི་དང་བླངས་པ130ལྷག་གིས་མ་ལག་གསོ་སྦྱོང་དང་ལེན་བྱས་ཡོད་ལ། གསོ་སྦྱོང་དེ་སྤྱི་སྤྱོད་གསོ་སྦྱོང་དང་ལས་གནས་ཆེད་དོན་གསོ་སྦྱོང་། འགྲན་བསྡུར་སྔོན་གྱི་སྦྱོང་བརྡར་བཅས་དུས་མཚམས་གསུམ་དུ་དགར་ནས་སྐུལ་འདེད་གཏོང་གིན་ཡོད་ཅིང་། ཁྱད་པར་དུ་དང་བླངས་ཞབས་ཞུའི་འདུ་ཤེས་དང་འཕྲལ་བསྟུན་ཐག་གཅོད་ཀྱི་ནུས་པ། འབྲེལ་གཏུག་ཐབས་རྩལ། ཞབས་ཞུའི་གུས་ལུགས། མྱུར་སྐྱོབ་ཤེས་བྱ་སོགས་ཀྱི་ནང་དོན་ཚུད་ཡོད། གཞུང་ལུགས་ཀྱི་སློབ་ཁྲིད་དང་དངོས་སྦྱོང་སྦྱོང་བརྡར་ཟུང་འབྲེལ་བྱས་པ་བརྒྱུད། དང་བླངས་པའི་ཆེད་ལས་ཀྱི་བྱང་ཚད་མཐོ་རུ་བཏང་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།