མཚོ་སྔོན་གྱིས་ཕྱོགས་ཡོངས་ནས་རྒན་པའི་ཁ་གསབ་དངུལ་གྱི་འགྲེམ་གཏོང་དང་དོ་དམ་གོ་རིམ་བཅས་ལེགས་བསྒྱུར་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 15

ཟླ8པའི་ཚེས13ཉིན།  གསར་འགོད་པས་ཞིང་ཆེན་དམངས་སྲིད་ཅུའུ་ནས་རྒྱུས་ལོན་བྱས་པ་ལྟར་ན།  མཚོ་སྔོན་གྱིས་རྒན་པའི་ཁ་གསབ་དངུལ་གྱི་རེ་ཞུ་གོ་རིམ་དང་།  ཞིབ་བཤེར་རྐྱེན་སྲོལ་འཐུས་ཚང་།  འགྲེམ་གཏོང་བྱེད་ཐབས་ལེགས་བསྒྱུར།  ལྟ་ཞིབ་དོ་དམ་ནུས་ཤུགས་ཆེར་བསྐྱེད་བྱས་པར་བརྟེན།  ཕྱོགས་ཡོངས་ནས་རྒན་པའི་ཁ་གསབ་དངུལ་གྱི་དོ་དམ་གོ་རིམ་ལེགས་བསྒྱུར་བྱས་ཏེ།  རྒན་པ་རྣམས་གང་སར་རྒྱུག་མི་དགོས་པར་བྱ་བ་སྒྲུབ་ཐུབ་པར་མ་ཟད།  ཁ་གསབ་དངུལ་གྱི་འགྲེམ་གཏོང་ལ་ནོར་བ་མི་ཤོར་བར་ཁག་ཐེག་བྱས་པ་དང་།  མ་དངུལ་གྱི་བཀོལ་སྤྱོད་བདེ་འཇགས་ལ་སྲུང་སྐྱོབ་བྱས།

མཚོ་སྔོན་གྱིས་ཕྱོགས་ཡོངས་ནས་དྲ་ལམ་དང་ཡུལ་དངོས་ཟུང་འབྲེལ་གྱི་རེ་ཞུའི་རྣམ་པ་ཁྱབ་སྤེལ་བཏང་།  དྲ་ལམ་གྱི་མ་ལག་ལ་བརྟེན་ནས་རྒན་པའི་ཁ་གསབ་དངུལ་གྱི་རེ་ཞུའི་བྱེད་ནུས་གསར་སྤེལ་བྱས་ཏེ།  ཐོབ་ཐང་སྟེང་གི་ཆ་འཕྲིན་འདོན་སྤྲོད་བྱས་ནས་རང་འགུལ་ཞིབ་བཤེར་བྱེད་ཐུབ་པ་དང་།  རེ་ཞུའི་རེའུ་མིག་དྲ་ལམ་ནས་སྐོང་ཐུབ་པ།  བདེན་དཔང་རྒྱུ་ཆ་པར་བླངས་ནས་སྐུར་ཐུབ་པ། ཞིབ་མཆན་འགོད་པའི་མྱུར་ཚད་དུས་ལྟར་འཚོལ་བཤེར་བྱེད་ཐུབ་པ་སོགས་ཀྱི་བྱེད་ནུས་ཡོད།

ཞིང་ཆེན་རིམ་པའི་དམངས་སྲིད་ཆ་འཕྲིན་དོ་དམ་མ་ལག་ལ་བརྟེན་ནས།  སྤྱི་བདེ་དང་མི་ཤུགས་ཐོན་ཁུངས་ཅུའུ།  འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཁག་གི་གཞི་གྲངས་ཞིབ་བསྡུར་རྐྱེན་སྲོལ་བཙུགས་ཏེ། ཟླ་རེར་རྒན་པའི་ཁ་གསབ་དངུལ་ལེན་པའི་ཆ་རྐྱེན་དང་འཚམ་པའི་གསར་འཕེལ་རྒན་པའི་ཆ་འཕྲིན་ཞིབ་བཤེར་འདམས་གསེས་བྱས་ནས་དམངས་སྲིད་སྡེ་ཁག་ལ་སྤྲད་དེ།  ལས་སྒྲུབ་མི་སྣས་རྒན་པའི་ཁྱིམ་བདག་དང་འབྲེལ་བ་བྱས་ཏེ་རེ་ཞུའི་འགྲོ་ལུགས་སྒྲུབ་པ་དང་།  མིས་སྲིད་ཇུས་འཚོལ་བ་ནས་སྲིད་ཇུས་ཀྱིས་མི་འཚོལ་བར་ཐོལ་བརྒལ་བྱས་ཡོད་ལ།  དེ་དང་མཉམ་དུ་མིའི་བསྐྱར་ཞིབ་ནུས་ཤུགས་ཆེར་བསྐྱེད་བྱས།

ཕྱོགས་ཡོངས་ནས་སྤྱི་ཚོགས་ཅན་གྱི་འགྲེམ་གཏོང་ཁྱབ་སྤེལ་བྱས་ཏེ།  ཞིང་ཆེན་ནོར་སྲིད་ཐིན་གྱིས་དངུལ་ཁང་ཆེ་ཁག་དང་མཐུན་སྦྱོར་སྒོས་རྒན་པ་རྣམས་ལ་དམངས་ཕན་བྱང་བུ་དང་ཆེད་སྤྱོད་བྱང་བུ་བཟོས་ནས་ཟླ་རེར་དུས་ཚོད་ལྟར་ཁ་གསབ་དངུལ་བྱང་དུ་གཏོང་ཐུབ་པར་བྱས་ཡོད།  ཁ་གསབ་དངུལ་འགྲེམ་གཏོང་གི་སྔོན་བརྡའི་རྐྱེན་སྲོལ་བཙུགས་ཏེ། ཟླ་རེའི་ཁ་གསབ་དངུལ་འགྲེམ་གཏོང་གནས་ཚུལ་ལ་དུས་ལྟར་ལྟ་ཞིབ་བྱས་པར་མ་ཟད།  རྒན་པ་དང་ཁྱིམ་མིའི་ཁ་གསབ་དངུལ་འགྲེམ་གཏོང་གནས་ཚུལ་གསལ་བཤད་བྱས།

ཁ་གསལ་མ་དངུལ་གྱི་རེ་ཞུ་དང་དཔྱད་ཞིབ། འགྲེམ་གཏོང་སོགས་ཀྱི་གོ་རིམ་ཧྲིལ་བོར་རྗེས་བསྙེགས་དོ་དམ་བྱས་ཏེ།  མ་དངུལ་གཏོང་ཕྱོགས་ཁུངས་འདེད་བྱེད་ཐུབ་པ་མངོན་འགྱུར་བྱས་པ་དང་།  དུས་ལྟར་རྒན་པའི་ཁ་གསབ་དངུལ་གྱི་བཀོད་སྤྱོད་གནས་ཚུལ་ལ་ཞིབ་བཤེར་བྱས།  དེ་དང་མཉམ་དུ།  ལྟ་སྐུལ་ཞུ་གཏུག་གི་རྒྱུད་ལམ་ཡངས་པར་བྱེད་པ་དང་ཞུ་གཏུག་ཁ་པར་དང་ཡིག་སྒམ་ཁྱབ་བསྒྲགས་བྱས་ནས།  སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་ལྟ་སྐུལ་དང་ལེན་བྱས།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།