
ཟླ8པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བརྒྱད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་དུ་སྤེལ་རྒྱུ་རེད། ད་ཐེངས་ཀྱི་འགྲན་ཚོགས་འདིར་གྲོང་ཁྱེར་གཉིས་དང་ཁུལ་དྲུག མི་རིགས་རང་སྐྱོང་རྫོང་བདུན། མཐོ་རིམ་སློབ་ཆེན་ལྔ་ཡིས་གྲུབ་པའི་འཐུས་ཚབ་ཚོགས་པ་ཉི་ཤུ་བཅས་རེབ་གོང་གསེར་མོ་ལྗོངས་ལ་འཛོམས་ཏེ། མཐུན་སྒྲིལ་མཉམ་གནས་དང་དགའ་སྐྱིད་མཉམ་གནས། དཔུང་བ་མཉམ་གཤིབ་བཅས་བྱས་ནས། མི་རིགས་མཐུན་སྒྲིལ་ཆེན་མོའི་ལུས་རྩལ་གྱི་གཟི་འོད་ལ་མཉམ་རོལ་བྱེད་རྒྱུ་རེད།
ཟླ8པའི་ཚེས18ཉིན། གསར་འགོད་པས་ཐུན་རིན་གྲོང་ཁྱེར་གྱི་ག་ས་གང་དུ་ལུས་རྩལ་དགྱེས་འཛོམས་ཀྱི་ཡོ་ལང་རྣམ་པར་རྒྱས་འདུག་པ་མཐོང་། རྨ་ལྷོ་ཁུལ་ལུས་རྩལ་ར་བའི་སྒོ་ཆེན་ཁ་རུ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གཞུ་དབྱིབས་སྒོ་བྱང་བཟོས་ནས་ཡོངས་སུ་འགྲུབ་ཡོད་ཅིང་། དེའི་སྟེང་དུ་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བརྒྱད་པ་ཞེས་བྲིས་ཡོད་པའི་ཡི་གེ་དེ་དག་མིག་ལ་གསལ་ལེར་མངོན་ཐུབ། དཀྱིལ་སྙིང་ཐང་ཆེན་དུ། སྤྲོ་སེམས་ཆེན་པོ་ཅན་གྱི་མགྲོན་བདག་བྱས་ཏེ། རྨ་ལྷོ་པའི་གཟི་བརྗིད་བརྩོན་ལེན་བྱེད་ཅེས་དང་། རི་ཆུའི་རྨ་ལྷོ་མ་བཅོས་ངང་གིས་གྲུབ་ཡོད་ལ་ལུས་རྩལ་དགྱེས་འཛོམས་ཀྱིས་མཐུན་སྒྲིལ་བྱ་གཞག་ལ་ཡར་སྐུལ་གཏོང་ཞེས་པ་སོགས་ཀྱི་ནང་དོན་དར་ཆེན་སྟེང་བྲིས་ཏེ་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་ལྷབ་ལྷུབ་གཡོ་བཞིན་ཡོད་ལ། ལུས་རྩལ་ར་བའི་ནང་དུ། འཁྲབ་སྟོན་མི་སྣ་རྣམས་ཀྱིས་བྲེལ་འཚུབ་ངང་འགོ་རྩོམ་མཛད་སྒོའི་སྟ་གོན་ལ་འཁྲབ་སྦྱོང་བྱེད་ཀྱིན་ཡོད། དེ་མིན་ད་དུང་སྲང་ལམ་གཡས་གཡོན་དུ་ཁོར་སྲུང་མི་སྣས་སེམས་ཞིབ་མོའི་སྒོ་ནས་མེ་ཏོག་ཕྲེང་བར་སྒྲིག་བཞིན་ཡོད། མི་འགྱངས་པར་བསྡུ་ལ་ཉེ་བའི་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་འདིས་རེབ་གོང་གྲོང་ཁྱེར་ལ་གསོན་ཤུགས་ཆེན་པོ་བསྩོལ་ངེས་པར་མ་ཟད། མི་རེ་རེས་ཐེངས་འདིའི་འགྲན་ཚོགས་ལ་རང་ཉིད་ཀྱི་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་བཞིན་མཆིས།
བན་དེ་སྐྱབས་ཀྱིས་བསྒྱུར།