ཁྲི་འདུ་རྫོང་གིས་གཞུང་ཞབས་པའི་རྒྱུགས་ལེན་གྱི་སྤྱི་ཕན་གསོ་སྦྱོང་བྱེད་སྒོ་སྤེལ།
ཁུངས། ཀློག་གྲངས། 17

ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་ན་གཞོན་ལས་ཞུགས་ལས་སྐྲུན་བྱ་བའི་སྐོར་གྱི་འབྲེལ་ཡོད་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་ཆེད། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་རྩ་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་ཟླ7པའི་ཚེས5ཉིན་ནས་ཟླ8པའི་ཚེས6ཉིན་བར་དུས་ཡུན་ཉིན32རིང་གི་རྫོང་ཡོངས་ཀྱི་གཞུང་ཞབས་པའི་རྒྱུགས་ལེན་གྱི་སྤྱི་ཕན་གསོ་སྦྱོང་བྱེད་སྒོ་སྤེལ།

ཁྲི་འདུ་རྫོང་སྲིད་གཞུང་གིས་སྐུལ་འདེད་བཏང་སྟེ་སྲིད་ཇུས་མཐུན་སྦྱོར་དང་། ཡུལ་དངོས་འགན་ལེན། དགེ་རྒན་གྱི་སྟོབས་ཤུགས་ནང་འདྲེན་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་ཏེ་སྤྱི་ཕན་གསོ་སྦྱོང་བྱེད་སྒོ་དངོས་སྒྲུབ་དང་། ལེགས་སྒྲུབ། ཕན་འབྲས་ཐོབ་པར་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད་ལ། གསོ་སྦྱོང་གི་བརྒྱུད་རིམ་ཧྲིལ་པོར་སྤྱི་ཕན་གྱི་ངོ་བོ་རྒྱུན་འཁྱོངས་བྱས་པ་དང་། སློབ་མ་རྣམས་ལ་གྲོན་དངུལ་གང་ཡང་མི་བསྡུ་བར་སྤྱི་པའི་ཐོན་ཁུངས་གནད་ལ་འཁེལ་བའི་སྒོ་ནས་བཀོལ་བ་དང་མཉམ་སྤྱོད་བྱ་རྒྱུ་མངོན་འགྱུར་བྱུང་ནས་རྒྱུགས་སྤྲོད་སློབ་མའི་དཔལ་འབྱོར་གནོན་ཤུགས་ནུས་ལྡན་ངང་ཇེ་ཆུང་དུ་བཏང་།

ཐེངས་འདིའི་གསོ་སྦྱོང་དེ་དངོས་འཐབ་ནུས་པ་ཆེ་རུ་གཏོང་རྒྱུར་དམིགས་ཡོད་པ་དང་སློབ་ཚན་ཇུས་འགོད་ལ་དམིགས་སའི་རང་བཞིན་ཆེན་པོ་ལྡན། གཞུང་ཞབས་པའི་རྒྱུགས་ལེན་གྱི་སློབ་ཁྲིད་ཉམས་མྱོང་ཕུན་སུམ་ཚོགས་པའི་འཆད་ཁྲིད་ཚོགས་པ་ཆེད་དུ་གདན་འདྲེན་ཞུས་ནས་སློབ་ཁྲིད་བྱས་པ་དང་། འཆད་ཁྲིད་ཚོགས་པས“གཞུང་ལུགས་འགྲེལ་བཤད་དང་གྱོད་དཔེ་དབྱེ་ཞིབ། དངོས་འཐབ་སྦྱོང་བརྡར”གྱི་སློབ་ཁྲིད་བྱེད་སྟངས་སྤྱད་དེ་སློབ་མས་ཚན་རིག་དང་མཐུན་པའི་དྲིས་ལན་འདེབས་པའི་བསམ་ཕྱོགས་དང་། དོགས་གནད་སེལ་བའི་བྱེད་ཐབས། རྒྱུགས་ལ་གྲ་སྒྲིག་བྱེད་པའི་ཁ་ཕྱོགས་བཅས་མགྱོགས་མྱུར་ངང་ཁོང་དུ་ཆུད་པར་རོགས་རམ་བྱས་ནས་རྒྱུགས་སྤྲོད་མཁན་གྱི་རང་སྦྱོང་གི་ཞན་ཆ་ནུས་ལྡན་ངང་ཁ་གསབ་བྱས། གསོ་སྦྱོང་ལ་རྫོང་ཡོངས་ཀྱི་ཁྱབ་ཁོངས་སོ་སོ་ནས་ཡོང་བའི་ན་གཞོན200ལྷག་ཞུགས་ཡོད། སློབ་མ་ཚོས་སློབ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་པ་དང་། དགེ་རྒན་གྱི་ཆུ་ཚད་ཕུལ་དུ་བྱུང་བ། རྩ་འཛུགས་ཞབས་ཞུ་ཤིན་ཏུ་ལེགས་པས། རྒྱུགས་སྤྲོད་པའི་བསམ་ཕྱོགས་ཇེ་གསལ་དུ་བཏང་ཞིང་། རྒྱུགས་སྤྲོད་པར་གྲ་སྒྲིག་བྱེད་པའི་ཡིད་ཆེས་མངོན་གསལ་སྒོས་ཆེ་རུ་ཕྱིན་ཡོད་པར་བསྟན་ལ། གསོ་སྦྱོང་གི་བློ་ཡིད་ཚིམ་ཚད98%ཟིན་པས། གསོ་སྦྱོང་གི་གནད་འཁེལ་རང་བཞིན་དང་དངོས་ཕན་རང་བཞིན་གང་ལེགས་སྒོས་མཚོན་ཡོད།

ཁྲི་འདུ་རྫོང་གིས་རྒྱུན་མཐུད་ངང་ན་གཞོན་ཤེས་ལྡན་མི་སྣའི་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ཏེ་ལས་ཞུགས་ལས་གཏོད་ཞབས་ཞུའི་མཁོ་སྤྲོད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་དང་། རྒྱུན་ལྡན་ཅན་གྱི་སྤྱི་ཕན་རྒྱུགས་སྤྲོད་རོགས་རམ་རྐྱེན་སྲོལ་འཚོལ་ཞིབ་བྱས་ཏེ་རྫོང་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལང་ཚོའི་སྟོབས་ཤུགས་འབུལ་རྒྱུ་རེད།

ཤ་བོ་གསེར་མཚོས་བསྒྱུར།