མཚོ་སྔོན་གྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ལྟ་ཞིབ་ཚད་ལེན་དམིགས་ཚད་མ་ལག་བཙུགས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 29

ཟླ8པའི་ཚེས18ཉིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན།  ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས《མཚོ་སྔོན་ཞིང་ཆེན་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ལྟ་ཞིབ་ཚད་ལེན་དམིགས་ཚད་བྱ་བའི་ཇུས་གཞི》པར་འགྲེམ་བྱས།  དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལྟ་ཞིབ་ཚད་ལེན་དམིགས་ཚད་ཀྱི་མ་ལག་བཙུགས་ཏེ།  ཡང་དག་པའི་ངང་དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་གནས་ཚུལ་ཁོང་དུ་ཆུད་པར་བྱེད་པ་དང་། སྲིད་ཇུས་ལག་བསྟར་གྲུབ་འབྲས་ལ་ཚུལ་མཐུན་གྱི་དཔྱད་འཇོག་བྱེད་པ།  རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་དང་འགུལ་རྣམ་ཉེན་བརྡ་ལ་བརྟེན་ནས།  སྔར་ལས་ལྷག་པའི་སྒོ་ནས་དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གཞི་གྲངས་ཀྱི་གདེགས་སྐྱོར་དང་ཐབས་ཇུས་ཀྱི་དཔེ་གཞི་འདོན་སྤྲོད་བྱས་ཡོད།

དམིགས་ཚད་མ་ལག་གིས་འཕེལ་རྒྱས་ཀྱི་གསོན་ཤུགས་དང་གསར་གཏོད་ནུས་པ་སོགས་ཕྱོགས་བརྒྱད་ནས།  དམངས་གཉེར་དཔལ་འབྱོར་གྱི་འཕར་ཐང་དང་ཐོན་ལས་གསུམ་གྱི་ཟིན་ཚད་ཀྱི་བསྡུར་བ།  དམངས་ཁྲོད་ཀྱི་དངུལ་གཏོང་འཕར་ཚད།  ཁྲལ་བསྡུའི་བྱས་རྗེས།  ལས་ཞུགས་ལ་སྐུལ་འདེད་སོགས་ཚད་འབེབས་དམིགས་ཚད54བཟོས་ཏེ།  འོས་འཚམ་དང་ཡང་དག་པའི་སྒོ་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་མཚོན་ཐུབ་པར་བྱེད་པ་དང་།  དམངས་གཉེར་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་འགྲོ་བ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་གཞོགས་འདེགས་བྱས་ཡོད།  མཚོ་སྔོན་ཞིང་ཆེན་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱད་ཆོས་ལ་གཞིགས་ནས།  དམངས་གཉེར་དཔལ་འབྱོར་གྱི་བདེ་ཐང་འཕེལ་རྒྱས་དང་།  གཞི་ཁྱོན་འཕེལ་རྒྱས།  སྒྲིག་གཞི་ལེགས་བསྒྱུར་སོགས་ལ་འོས་འཚམ་གྱི་དམིགས་ཚད་བདམས་ཏེ།  དམངས་གཉེར་དཔལ་འབྱོར་གྱི་གནས་གཞི་འཛུགས་སྐྲུན་གནས་ཚུལ་དེ་དམིགས་ཚད་མ་ལག་ཁྲོད་བཅུག་པ་དང་།  དེས་དམངས་གཉེར་དཔལ་འབྱོར་གྱི་བདེ་ཐང་འཕེལ་རྒྱས་མངོན་ཐུབ། 

ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་དམངས་གཉེར་དཔལ་འབྱོར་གྱི་འགུལ་རྣམ་འཕེལ་རྒྱས་རྣམ་པར་བསམ་གཞིག་བྱས་ཏེ།  ལྟ་ཞིབ་ཚད་ལེན་དམིགས་ཚད་ཀྱིས་བསྡོམས་རྩིས་བྱེད་སྐབས་དུས་ཚོད་ཀྱི་བསྡུར་བའི་རང་བཞིན་མངོན་ཐུབ་པར་བྱས།  དེ་དང་མཉམ་དུ།  དམིགས་ཚད་མ་ལག་ལ་དུས་ངེས་ཅན་ནང་འོས་འཚམ་གྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ཚུར་སྣང་བྱེད་པའི་ནུས་པ་ཡོད་ལ།  ལྟོས་བཅས་ཀྱི་བརྟན་བརླིང་རྒྱུན་འཁྱོངས་བྱས་ཏེ།  དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་གོ་རིམ་ལ་དཔྱད་བསྡུར་དང་དབྱེ་ཞིབ་བྱེད་པ་དང་འཕེལ་རྒྱས་རྣམ་པའི་འགྱུར་ལྡོག་ལ་སྔོན་དཔག་བྱེད་བདེ་བོ་བྱས་ཡོད།

ངོ་སྤྲོད་བྱས་པ་ལྟར་ན།  ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་དམིགས་ཚད་གཞི་གྲངས་ཀྱི་གྲུབ་འབྲས་ལ་དཔྱད་དཔོག་བྱེད་པ་དང་།  འོས་འཚམ་གྱིས་དམངས་གཉེར་དཔལ་འབྱོར་གྱི་བདག་གཉེར་གནས་ཚུལ་ལ་ཕྱི་རོལ་ཡུལ་དང་མཐུན་པར་དབྱེ་ཞིབ་བྱེད་པ་།  དམངས་གཉེར་དཔལ་འབྱོར་གྱིས་སྤྱི་ཚོགས་དཔལ་འབྱོར་ལ་བྱས་རྗེས་དང་ནུས་བཏོན་པར་འདེངས་འཇོག་དང་འཚོལ་ཞིབ་བྱེད་པ།  གཏིང་ཟབ་པའི་ངང་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་གསར་བ་དང་གནད་དོན་གསར་བར་ཞིབ་འཇུག་དང་བརྡར་གཅོད་བྱེད་པ།  དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས་ལེགས་བསྒྱུར་བྱེད་པ་བཅས་བྱས་ཏེ།  མཚོ་སྔོན་གྱི་དམངས་གཉེར་ཁེ་ལས་རྒྱུན་མཐུད་དང་བདེ་ཐང་།  སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།