
ཟླ8པའི་ཚེས19ཉིན། གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་དམ་ཟབ་རྣམ་པའི་རྫོང་ཁོངས་སྨན་བཅོས་ཐུན་མོང་ཚོགས་པ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་གྲོང་གསེབ་སྨན་བཅོས་འཕྲོད་བསྟེན་མ་ལག་འཛུགས་སྐྲུན་སྐུལ་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གིས་གྲོང་གསེབ་སྨན་བཅོས་འཕྲོད་བསྟེན་མ་ལག་འཐུས་ཚང་དང་ལེགས་སྒྱུར་བྱེད་པ་དེ་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱས་ཏེ། དམ་ཟབ་རྣམ་པའི་རྫོང་ཁོངས་སྨན་བཅོས་ཐུན་མོང་ཚོགས་པ་འཛུགས་པར་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་། ཐོན་ཁུངས་མཉམ་སྤྱོད་དང་ཞབས་ཞུ་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། མ་ལག་རྒྱུན་མཐུད་ཀྱི་བདེ་ཐང་ཞབས་ཞུའི་རྣམ་པ་གྲུབ་པར་བྱས་ནས་མང་ཚོགས་ཀྱིས་གཞི་རིམ་དུ་ནད་སྟོན་པའི་མྱོང་སྣང་ཇེ་མཐོར་གཏོང་རྒྱུ་རེད།
རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཡོངས་སུ་བསྡོམས་པས་རྫོང་ཁོངས་སྨན་བཅོས་ཐུན་མོང་ཚོགས་པ46བཙུགས་ཡོད་ལ། དེ་རྫོང་རིམ་པའི་སྨན་ཁང་རེ་གཉིས་དང་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སུམ་བརྒྱ་གྱ་དགུ། ཆེད་ལས་སྤྱི་བའི་འཕྲོད་བསྟེན་ལས་ཁུངས་ཞེ་དྲུག་བཅས་ལ་ཁེབས་ཡོད། རྫོང་ཁོངས་སྨན་བཅོས་ཐུན་མོང་ཚོགས་པས་མཐོར་འདེགས་བཞི་དང་མར་འབབ་བཞིའི་རྣམ་པ་བཟང་པོ་མངོན་ཡོད། མི་སྒེར་རྩིས་ཞུའི་སྡུར་ཚད་དང་། མང་ཚོགས་ཡིད་ཚིམ་ཚད། སྨན་བཅོས་ཡོང་འབབ་དང་སྨན་བཅོས་ཞབས་ཞུའི་རང་བཞིན་གྱི་ཡོང་འབབ་བསྡུར་ཚད་ཇེ་མཐོར་སོང་ཡོད་ལ། སྨན་རྫས་དང་ཞིབ་བཤེར། སྡོད་དམངས་ཞག་སྡོད་དང་ནད་སྟོན་ནད་བཅོས་ཀྱི་འགྲོ་གྲོན་ཇེ་དམའ་རུ་བཏང་ཡོད། 2024ལོའི་ལོ་མཇུག་བར་ཏུ། སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་རྫོང་ཁོངས་ཀྱི་ཞག་སྡོད་ནད་པའི་མི་རེའི་ཆ་སྙོམ་འགྲོ་གྲོན་སྒོར4287.85ཡིན་ལ། སྨན་བཅོས་འགན་སྲུང་ཅན་གྱི་ནད་པའི་ཞག་སྡོད་འགྲོ་གྲོན་གྱི་དོན་དངོས་རྩིས་ཞུ་བསྡུར་ཚད་བརྒྱ་ཆའི་རེ་བརྒྱད་དང་གྲངས་ཆུང་ཐིག་གཉིས་ལ་སླེབས་ཡོད།
རང་ཞིང་གིས་ལག་ལེན་དང་འཚོལ་ཞིབ་ཧུར་ཐག་བྱས་པ་བརྒྱུད། གྲོང་རྡལ་གྱིས་ཡུལ་ཚོར་སྐུལ་ཁྲིད་དང་། ཡུལ་ཚོས་སྡེ་བར་སྐུལ་ཁྲིད། རྫོང་དང་ཡུལ་ཚོ་གཞི་གཅིག་ཅན། ཡུལ་ཚོ་དང་སྡེ་བ་གཞི་གཅིག་ཅན་བཅས་ཀྱི་བྱ་བའི་རྣམ་པ་ཉིན་བཞིན་ཇེ་ལེགས་སུ་སོང་ཞིང་། སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱུན་མཐུད་དོན་འཁྱོལ་ཐུབ་པའི་རྣམ་པ་ཞིག་གཞི་རྩའི་སྟེང་གྲུབ་པར་བྱས་ཤིང་། ཁྱིམ་ཚང་སྨན་པའི་ཞབས་ཞུའི་གན་རྒྱ་འཇོག་པ། གཞི་རིམ་དུ་ནད་སྟོན་པ་དང་ནད་བཅོས་བྱེད་པ་སྔར་ལས་སྟབས་བདེ་རུ་བཏང་ནས། མང་ཚོགས་ཀྱི་ཐོབ་སྣང་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་བའི་བྱ་བའི་རྣམ་པ་གྲུབ་ཡོད། དེའི་ཁྲོད། ས་གནས་ས་སོས་རྐྱེན་སྲོལ་གསར་གཏོད་ལ་དོ་སྣང་བྱས་ཏེ། གསར་དར་ཞབས་ཞུའི་མ་ལག་བཙུགས་ཤིང་། སྤྱིའི་ཞབས་ཞུའི་སྤུས་ཚད་ཤུགས་ཆེན་པོས་ཇེ་མཐོར་བཏང་ཡོད། རྫོང་ཁོངས་སྨན་བཅོས་ཐོན་ཁུངས་སྡེབ་སྒྲིག་བྱེད་པ་དེ་སྨན་བཅོས་ཐུན་མོང་ཚོགས་པ་འཛུགས་པའི་གཞི་རྟེན་གལ་ཆེན་ཞིག་ཏུ་བརྩིས་ཏེ། རྫོང་རྟེན་གཞི་རུ་བྱས་པའི་མཉམ་སྤྱོད་མཉམ་བཀོལ་གྱི་གསོ་རིག་བརྙན་རིས་དང་། སྙིང་གློག དཔྱད་བཤེར་སོགས་ལྟེ་གནས་བཙུགས་ནས། གཞི་རིམ་ནས་བརྟག་དཔྱད་དང་། གོང་རིམ་གྱི་བརྟག་ཐབས། ཁུལ་ཁོངས་ཀྱི་ངོས་འཛིན་བཅས་ལ་སྐུལ་འདེད་བཏང་ཞིང་། སྨན་བཅོས་ཐུན་མོང་ཚོགས་པའི་ཆེད་མཁས་པའི་ཐོན་ཁུངས་དང་། སྨན་བཅོས་ལག་རྩལ། སྨན་རྫས་འགན་སྲུང་སོགས་རིམ་པ་གཅིག་ཏུ་འབྲེལ་བར་སྐུལ་འདེད་བཏང་། ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་བུད་མེད་དང་བྱིས་པའི་བདེ་སྲུང་ལས་ཁུངས་དམ་ཟབ་རྣམ་པའི་རྫོང་ཁོངས་སྨན་བཅོས་ཐུན་མོང་ཚོགས་པའི་ཁྲོད་བཞག་སྟེ། ཁྱིམ་ཚང་སྨན་པའི་གན་རྒྱའི་ཞབས་ཞུའི་ནང་དོན་ཇེ་མང་དུ་གཏོང་བར་རོགས་འདེགས་དང་། དོ་དམ་ཁུལ་ཁོངས་སྡོད་དམངས་ཀྱི་འཕྲོད་བསྟེན་བདེ་ཐང་འདུ་ཤེས་ནུས་ཡོད་སྒོས་ཇེ་མཐོར་བཏང་།
རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ནོར་སྲིད་སྡེ་ཁག་གིས་ལོ་རེ་བཞིན་བརྗེ་སྤོར་གཏོང་སྤྲོད་དང་སྡེབ་སྒྲིག་མ་དངུལ་གྲངས་འབོར་ཇེ་མང་དུ་བཏང་ཡོད། 2023ལོ་ནས2025ལོའི་བར་དུ། སྨན་བཅོས་ཞབས་ཞུ་དང་འགན་སྲུང་བྱེད་ནུས་ཇེ་མཐོར་གཏོང་བའི་ལས་གཞིའི་ཐད་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་ལྔ་འབུམ་དྲུག་གཏོང་བ་ལག་བསྟར་བྱས་ཤིང་། དེའི་ཁྲོད་ཀྱི་སྒོར་དུང་གཅིག་དང་བྱེ་བ་གསུམ་འབུམ་བདུན་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་སྒྲིག་ཆས་དང་སྨན་བཅོས་སྒྲིག་ཆས་རིམ་སྤོར་བྱེད་པ། ཁྱད་ལྡན་ཚན་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པ། འཇོན་མིའི་གསོ་སྦྱོང་དང་ཚ་ཆམ་བརྟག་དཔྱད་ཁང་ནུས་ལྡན་འཁོར་སྐྱོད་ལ་འགན་སྲུང་བྱེད་པ་སོགས་ཀྱི་ཐད་བཀོལ་སྤྱོད་བྱས། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་ལོ་རེར་མ་དངུལ་བྱེ་བ་གསུམ་བཏང་ནས། ཞིང་ཆེན་རིམ་པའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་ལས་གཞི་ཆེ་གྲས་གསུམ་དང་ཆུང་གྲས་བརྒྱད་ཀྱི་ཐད་གསབ་སྤྲོད་བྱས། ལོ་ཧྲིལ་བོར་ཁ་གསབ་མ་དངུལ་སྒོར་བྱེ་བ་ལྔ་དངོས་འབེབས་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ལོ་རེ་ལྔ་ཡན་གྱི་རྒན་པའི་བདེ་ཐང་ལུས་དཔྱད་ལས་གཞི་ལག་བསྟར་བྱས། མི་ཚོགས་ཡོངས་ཀྱི་བདེ་ཐང་དོ་དམ་ལ་དོ་སྣང་བྱས་ནས། གཞི་རིམ་གྱི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུ་སྔར་ལས་འདྲ་མཉམ་སྒོས་ལོངས་སྤྱོད་ཐུབ་པར་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།