མདོ་དབུས་མཐོ་སྒང་གི་བྲང་གཟེར་ཚོགས་ཆེན་སྐབས་ལྔ་བ་མཚོ་སྔོན་མཚོ་ལྷོ་ནས་སྤེལ།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ8པའི་ཚེས23ཉིན།མདོ་དབུས་མཐོ་སྒང་གི་བྲང་གཟེར་ཚོགས་ཆེན་སྐབས་ལྔ་བ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་མཐོ་སྒང་ས་ཁུལ་གྱི་བྲང་གཟེར་ཐད་ཀྱི་སྨན་བཅོས་མ་ལག་ཚད་ལྡན་ཅན་དུ་གཏོང་བའི་རིག་གཞུང་བགྲོ་གླེང་ཚོགས་འདུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་ནས་ཚོགས་མགོ་བརྩམས། རྒྱལ་ཁབ་ཉི་ཤུ་ལྷག་དང་ཞིང་ཆེན་དང་གྲོང་ཁྱེར་སུམ་བརྒྱ་ལྷག་གི་ཀླད་སྙིང་ཁྲག་རྩའི་ཆེད་མཁས་པ་མཐོ་སྒང་དུ་འཛོམས་ནས་མྱུར་བའི་རང་བཞིན་ཅན་གྱི་བྲང་གཟེར་སྨན་བཅོས་ཐད་ཀྱི་དྲ་རྒྱའི་ཇུས་གཞིར་མཉམ་དུ་བགྲོ་གླེང་བྱས།

བྲང་ཁ་གཟེར་བ་ནི་མདོ་དབུས་མཐོ་སྒང་ས་ཁུལ་དུ་ཚེ་སྲོག་ལ་ཉེན་ཁ་བཟོ་བའི་རྒྱུན་མཐོང་གི་ནད་རྟགས་ཤིག་ཡིན་ལ།ས་གནས་ཀྱི་ས་བབ་མཐོ་ལ་གནམ་གཤིས་ཆ་རྐྱེན་སྡུག་པ།ས་གཤིས་ཁོར་ཡུག་རྙོག་འཛིང་ཆེ་བས་མྱུར་བའི་རང་བཞིན་གྱི་བྲང་གཟེར་སྨན་བཅོས་ཐད་ཐག་རིང་བ་དང་བརྒྱུད་སྐྱེལ་དཀའ་བ།ནད་གཞི་འཚུབ་ཆ་ཆེ་བ། ཉེན་ཁ་ཆེ་བ་བཅས་ཀྱི་འགྲན་རྩོད་ལ་འཕྲད་ཡོད་པས་མཐོ་སྒང་གི་བྲང་གཟེར་ཚད་ལྡན་ཅན་དུ་བཏང་ནས་སྨན་བཅོས་ལ་གཞོག་འདེགས་བྱ་རྒྱུ་ནི་མཐོ་སྒང་དུ་སྲོག་གི་དབུགས་རྒྱུན་མཐུད་བྱེད་ཀྱི་གནད་འགག་གི་བྱེད་ཐབས་ཡིན།

ཞིབ་འཇུག་བགྲོ་གླེང་ཚོགས་འདུའི་བརྗེ་རེས་ཀྱི་གོ་རིམ་དང་ནང་དོན་ཕུན་སུམ་ཚོགས་པ་དང་།ཆེད་ཁམས་པས་བྱིས་པའི་ལྷན་སྐྱེས་ཀྱི་སྙིང་ནད་གྲལ་བཤེར་དང་བརྟག་དཔྱད།སྨན་བཅོས་བྱེད་པ་བཅས་ཀྱི་ཐད་ནས་ཆེད་དོན་བགྲོ་གླེང་བྱས་པ་དང་།ཀོང་ཏུང་དང་ཧྲན་ཏུང་།བོད་ལྗོངས།པེ་ཅིང་།ཧི་པེ་སོགས་ས་ཁུལ་ནས་ཡོང་བའི་ཆེད་མཁས་པས་རིག་གཞུང་སྙན་ཞུ་ཐེངས17བྱས་ནས།  ཀླད་སྙིང་ཁྲག་རྩ་དང་མྱུར་སྐྱོབ་སྨན་བཅོས་ཁྱབ་ཁོངས་ཀྱི་ནད་ཐོག་ལག་ལེན་དང་ཉམས་མྱོང་མཉམ་སྤྱོད་བྱས།

ཐེངས་འདིའི་ཚོགས་ཆེན་དེ་མཚོ་སྔོན་ཞིང་ཆེན་གསོ་རིག་མཐུན་ཚོགས་གྱིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་དང་མཚོ་ལྷོ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མཉམ་དུ་འགན་སྒྲུབ་བྱས་ལ།མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་གིས་རོགས་སྒྲུབ་བྱས།གྲོས་ཚོགས་བདེ་བླག་ངང་འཚོགས་པ་དེས་མཐོ་སྒང་གི་སྙིང་དང་ཁྲག་རྩའི་ཁྱབ་ཁོངས་དུ་ཆུ་ཚད་མཐོ་བའི་བརྗེ་རེས་སྟེགས་བུ་བསྐྲུན་པ་དང་། མདོ་དབུས་མཐོ་སྒང་གི་བྲང་གཟེར་ལྟེ་གནས་འཛུགས་སྐྲུན་གྱིས་གསར་དུ་བླངས་པའི་གྲུབ་འབྲས་མངོན་པ་དང་ཁུལ་ཁོངས་ཀྱི་གཞོག་འདེགས་སྨན་བཅོས་དྲ་རྒྱའི་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་སྟོན་བྱས།

མི་ཕམ་གྱིས་བསྒྱུར།