​ས་ནག་སྲུང་སྐྱོབ་ལེགས་པོ་བྱས་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་རྨང་གཞི་ཇེ་བརྟན་དུ་བཏང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 15

ས་ནག་ལ་“རྨོ་ཞིང་ཁྲོད་ཀྱི་དོམ་ཁྲ”ཞེས་བརྗོད་ཀྱིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ས་ནག་སྲུང་སྐྱོབ་བྱ་རྒྱུ་དེ་དོན་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་དང་། ས་ནག་བེད་སྤྱོད་བཟང་པོ་དང་བདག་སྐྱོང་བཟང་པོ་བྱ་དགོས་ཞེས་ནན་གྱིས་བསྟན། 2015ལོ་ནས་བཟུང་། རང་རྒྱལ་གྱིས“བྱང་ཤར་གྱི་ས་ནག་སྲུང་སྐྱོབ་དང་བེད་སྤྱོད་ཚོད་ལྟའི”ལས་གཞི་ལག་བསྟར་བྱེད་འགོ་ཚུགས་པ་ནས་བཟུང་། ལོ་ངོ་བཅུའི་རིང་། བྱང་ཤར་ས་ནག་ས་ཁུལ་གྱི་རྨོ་ཞིང་གི་སྤུས་ཚད་མུ་ནས་ཇེ་བཟང་དུ་ཕྱིན་པ་དང་། ས་ནག་སྲུང་སྐྱོབ་ལ་སྐུལ་འདེད་བཏང་སྟེ་གྲུབ་འབྲས་མངོན་གསལ་བླངས་ཤིང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་དང་ཀྲུང་གོའི་ཟས་ཕོར་རང་ལག་ཏུ་བརྟན་པོ་འཛིན་པར་རྨང་གཞི་བརྟན་པོ་བཏིངས།

ད་ལྟ། སྟོན་འབྲུའི་ཞིང་ཁར་དོ་དམ་བྱེད་པའི་གནད་འགག་ཡིན་ལ། མ་རྨོས་ལོ་ཏོག་གི་ཚུགས་གཞི་སྐྱེ་ཚུལ་བཟང་ལ། ཆུ་འབྲས་ཀྱི་མགོ་ལྕོག་ལྡེམ་ལྡེམ་གཡོ་ཞིང་། སྲན་ཆེན་གྱི་འབྲུ་རྡོག་ཤིན་ཏུ་ཆེ།  བྱང་ཤར་ས་ཁུལ་ནི་རང་རྒྱལ་གྱི་སྟོན་འབྲུའི་ཐོན་ཁུལ་གཙོ་བོ་ཡིན་པས། སྤྱི་ལེ་གྲུ་བཞི་མ་ས་ཡ་གཅིག་ཁྲི་དགུ་ཙམ་ཡོད་པའི་ས་ནག་ས་ཁུལ་ནི་རང་རྒྱལ་གྱི་ས་རྒྱུ་གཤིན་པོ་ཡོད་པའི་ས་ཆ་བཟང་ཤོས་ཡིན་པར་མ་ཟད། རང་རྒྱལ་གྱི་ཚོང་འབྲུ་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་ཀྱང་ཡིན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་ནག་སྲུང་སྐྱོབ་ལ་ཚད་མཐོའི་མཐོང་ཆེན་གནང་ནས།  བྱང་ཤར་དུ་རྟོག་ཞིབ་ཐེངས་མང་ཕེབས་ཏེ་ས་ནག་སྲུང་སྐྱོབ་བེད་སྤྱོད་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད། ཅི་ལིན་དུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཡིས“བྱེད་ཐབས་ནུས་ལྡན་སྤྱད་དེ‘རྨོ་ཞིང་ཁྲོད་ཀྱི་དོམ་ཁྲ་’འདིར་སྲུང་སྐྱོབ་བཟང་པོ་དང་བེད་སྤྱོད་བཟང་པོ་བྱས་ནས། ནམ་ཡང་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་ནན་གྱིས་བསྟན། ”ཧེ་ལུང་ཅང་དུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གྲངས་འཛིན་ལག་རྩལ་དང་སྐྱེ་དངོས་ལག་རྩལ་གྱི་ནུས་པ་ཆེ་རུ་གཏོང་བ་དང་། སྔོན་ལ་ས་ནག་གི་ཞིང་ས་ཚད་གཞི་མཐོན་པོའི་ས་ཞིང་དུ་འཛུགས་སྐྲུན་བྱེད་པ་དང་།  ས་ནག་སྲུང་སྐྱོབ་བཟང་པོ་བྱ་དགོས་ཞེས་བསྟན།

ཞིང་ལས་ཞིང་སྡེ་པུའུ་ཡི་ཞིང་སའི་འཛུགས་སྐྲུན་དོ་དམ་སི་ཡི་འགོ་གཙོ་གཞོན་པ། དབྱང་ཕིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པས་ས་ནག་སྲུང་སྐྱོབ་བྱ་བ་ལེགས་པོར་བསྒྲུབ་པར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། ང་ཚོས་ས་ནག་སྤུས་ཚད་ཀྱི་རྩ་བ་གང་ཡིན་པ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱུང་ཞིང་། ས་ནག་སྲུང་སྐྱོབ་ཁྱབ་ཁོངས་ལེགས་སྒྲིག་དང་། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་ས་ནག་སྲུང་སྐྱོབ་ལས་གཞི་ལག་བསྟར་བྱེད་པའི་ཇུས་གཞི་ཞིབ་འཇུག་དང་གཏན་ལ་ཕབ་ནས། “རྨོ་ཞིང་ཁྲོད་ཀྱི་དོམ་ཁྲ”ཞེས་པར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་ལེགས་པོ་བྱ་དགོས།

ས་ནག་སྲུང་སྐྱོབ་ལ་སྐུལ་འདེད་ནུས་ལྡན་གཏོང་ཆེད། རྒྱལ་ཁབ་ཀྱིས་ས་ནག་སྲུང་སྐྱོབ་ལས་གཞི་ལག་བསྟར་གྱི་གནས་ཚུལ་དེ་རྨོ་ཞིང་སྲུང་སྐྱོབ་དང་འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་འཁྲི་མཉམ་ཁུར་གྱི་དཔྱད་ཞིབ་ཁྱབ་ཁོངས་སུ་བཞག   བྱང་ཤར་གྱི་ལྗོངས་ཞིང་བཞི་ཡིས་སྔ་གཞུག་ཏུ་ས་གནས་ཀྱི་ས་ནག་སྲུང་སྐྱོབ་སྲོལ་ཡིག་བཏོན་པས། 2022ལོར་ལག་ཏུ་བསྟར་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ནག་སྲུང་སྐྱོབ་བཅའ་ཁྲིམས》དང་གོང་འོག་འབྲེལ་མཐུད་དང་མ་ལག་ཚང་བའི་སྒོ་ནས་ས་ནག་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་ཚད་ལྡན་མ་ལག་ཅིག་ཆགས།  དེ་མིན་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད། བྱང་ཤར་གྱི་ལྗོངས་ཞིང་བཞིས་སྲུང་སྐྱོབ་རང་བཞིན་གྱི་རྨོ་འདེབས་དང་སྐྱེ་ལྡན་ལུད་རྫས་ཀྱིས་ས་ཞིང་གསོ་བ་སོགས་ཞིང་ལས་ལག་རྩལ་ཁྱབ་གདལ་ཤུགས་ཆེན་བཏང་། ཆབས་ཅིག་ཏུ། རྒྱལ་ཡོངས་ཀྱི་ས་གཤིས་ཡོངས་བཤེར་ཐེངས་གསུམ་པ་བརྒྱུད། ས་ནག་རིགས་དང་། ཁྱབ་ཚུལ། གྲངས་འབོར། སྤུས་ཚད་སོགས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་གསལ་པོ་བྱས་ཤིང་། ས་ནག་སྤུས་ཚད་ཀྱི་གནས་ཚུལ་ལ་ཚན་རིག་དང་མཐུན་པའི་དཔྱད་འཇོག་བྱས་པ་མ་ཟད། གཞི་གྲངས་འདི་དག་ལ་བརྟེན་ནས་སྲུང་སྐྱོབ་བྱེད་དགོས་པའི་ཁྱབ་ཁོངས་ལེགས་སྒྲིག་བྱས།

ད་ལོར་རང་རྒྱལ་གྱིས་བྱང་ཤར་ས་ཁུལ་དུ་ས་ནག་སྲུང་སྐྱོབ་རང་བཞིན་གྱི་རྨོ་འདེབས་མུ་མཐུད་དུ་ས་མུའུ་དུང་ཕྱུར1ཡན་ལག་བསྟར་བྱས། ད་ལྟ། ས་གནས་ཁག་གིས་ཡུལ་བབ་དང་བསྟུན་ནས་ས་ནག་སྲུང་སྐྱོབ་བྱེད་ཐབས་མུ་མཐུད་དུ་གསར་གཏོད་བྱེད་བཞིན་ཡོད།  ཅི་ལིན་ཞིང་ཆེན་ནི་བྱང་ཤར་བདེ་ཐང་གི་ས་ནག་ལྟེ་བའི་ཁུལ་དུ་ཆགས་ཤིང་། རྨོ་ཞིང་གི་བརྒྱ་ཆའི་དགུ་བཅུ་ཙམ་ས་ནག་ཞིང་ས་ཡིན།  ས་རྒྱུ་ཞན་འགྱུར་དང་སྐྱེ་ལྡན་གྱི་བཅུད་ཤོར་བའི་གནས་ཚུལ་ཐག་གཅོད་བྱེད་ཆེད། ཅི་ལིན་གྱིས་ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་ཀྱི་ས་ནག་ས་ཁུལ་གྱི་ཁྱད་ཆོས་མི་འདྲ་བར་གཞིགས་ནས།  ཡུལ་བབ་དང་བསྟུན་ནས་ས་ནག་སྲུང་སྐྱོབ་ཐབས་ལམ་བཏོད་པ་དང་། སྲུང་སྐྱོབ་རང་བཞིན་གྱི་རྨོ་འདེབས་ལག་རྩལ་ལྔ་དཔེ་སྟོན་ཚུལ་གྱིས་ཁྱབ་གདལ་བཏང་།

ཅི་ལིན་ཞིང་ཆེན་ལིས་ཧྲུའུ་རྫོང་ཞིང་ལས་ལག་རྩལ་ཁྱབ་གདལ་སྤྱི་ཁྱབ་ས་ཚིགས་ཀྱི་འགོ་གཙོ། ཝང་ཀུའེ་མཱན་གྱིས་བཤད་རྒྱུར།  ས་ནག་ས་ཁུལ་གྱི་ས་རྒྱུའི་ཆུ་འདུས་ཚད་བལྟོས་བཅས་ཀྱིས20%ཡན་འཕར་བ་དང་། རྨོ་ཞིང་གི་གཏིང་ཚད་ལི་སྨི0ནས20བར་གྱི་ས་རྒྱུའི་སྐྱེ་ལྡན་བཅུད་རྫས་ཀྱི་འདུས་ཚད13%ཙམ་ཇེ་མང་དུ་ཕྱིན་ནས། ཐོན་འཕར་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས།

རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་དང་པོའི་ཞིང་ཆེན་ཆེན་མོ་ཧེ་ལུང་ཅང་དུ། དཔེ་མཚོན་ཅན་གྱི་ས་ནག་ས་ཞིང་གི་རྒྱ་ཁྱོན་མུའུ་དུང་ཕྱུར་གཅིག་བྱེ་བ་ལྔ་ས་ཡ་དྲུག་ཡོད། ས་ནག་ཇེ་སྲབ་ཏུ་གྱུར་བ་དང་ཇེ་ཞན་དུ་གྱུར་བའི་གནད་དོན་ལ་དམིགས་ཏེ། ཧེ་ལུང་ཅང་གིས་རྨོ་འདེབས་བྱ་མི་དགོས་པའི་སོན་འདེབས་འཕྲུལ་འཁོར་གསར་པ་ཁྱབ་གདལ་ཤུགས་ཆེན་བཏང་སྟེ། སོག་མ་ཞིང་སར་བཞག་པ་དང་སྙིགས་རོ་ལུད་རྫས་སུ་གྱུར། དེ་དང་ཆབས་ཅིག་ཏུ། ས་ནག་འབྲས་ཞིང་གི་ས་རྒྱུ་གསོ་སྐྱོང་གི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱས་པ་བརྒྱུད། ས་ནག་གི་ནུས་པ་མུ་མཐུད་དུ་ཇེ་བཟང་དུ་གྱུར།

ཀྲུང་གོའི་ཆུ་འབྲས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ། ཀྲང་ཅོན་ཧྭ་ཡིས་བཤད་རྒྱུར།   ད་ལོར་སྔོན་དཔག་བྱས་ན་འབྲས་ཞིང་དུ་ལུད་སྤྱོད་ཚད་བརྒྱ་ཆའི་གྲངས་གནས7ནས12བར་འཕར་ཏེ། སྟོན་འབྲུའི་གཞི་ཁྱོན་ཆེན་པོའི་ཐོན་འབབ་ཇེ་མཐོར་གཏོང་བ་དང་ཕན་འབྲས་ཇེ་ཆེར་གཏོང་ཆེད་རྫས་ལུད་ཀྱི་འགན་སྲུང་གལ་ཆེན་འདོན་སྤྲོད་བྱ་རྒྱུ་རེད།

ད་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་རུ་བྱང་ཤར་གྱི་ས་ནག་ས་ཁུལ་གྱི་ལུང་ཤུར་བཅོས་སྐྱོང་ལ་ཤུགས་སྣོན་དགོས་པ་ནན་གྱིས་བསྟན། ལུའོ་ཉིན་དུ། ས་དེས་ལྕང་མས་ཆུ་རག་བཟོས་ནས་ལུང་ཤུར་བཅོས་སྐྱོང་དང་སོག་མ་ས་འོག་ཏུ་སྦས་པ་སོགས་ལུང་ཤུར་བཅོས་སྐྱོང་གི་སྐྱེ་ཁམས་སྲུང་བའི་ལག་རྩལ་སྤྱད་དེ། ལུང་ཤུར་བཅོས་སྐྱོང་གི་གནད་དོན་མུ་མཐུད་དུ་ལེགས་བཅོས་བྱས། ནང་སོག་གིས“ལུང་པ་གཅིག་ལ་ཐབས་ཇུས་གཅིག”གི་རྩ་དོན་གཞིར་བཟུང་སྟེ། ཡུལ་བབ་དང་བསྟུན་ནས་བཟོ་སྐྲུན་དང་། རྩི་ཤིང་། སྐྱེ་ཁམས་བྱེད་ཐབས་བཅས་མཉམ་འབྲེལ་གྱི་ཐབས་སྤྱད་དེ་ས་ཆུ་ཤོར་བ་ལེགས་བཅོས་བྱས། གཞི་གྲངས་ལས་མངོན་པ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ཚུན་ལ། བྱང་ཤར་ས་ནག་ས་ཁུལ་དུ་རིམ་རྩིས་བྱས་ན་ལུང་ཤུར་སུམ་ཁྲི་སུམ་སྟོང་ལེགས་བཅོས་བྱས།  རྨོ་ཞིང་ས་མུའུ་ས་ཡ་བདུན་དང་འབུམ་དགུ་ཁྲི་གཉིས་སྲུང་སྐྱོབ་དང་སླར་གསོ་བྱས་ཤིང་། ལོ་རེར་འབྲུ་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་རྒྱ་མ་དུང་ཕྱུར་གཅིག་དང་བྱེ་བ་དགུ་འཕར།

ལག་རྩལ་སྣ་གཅིག་གི“གནས”ནས་མ་ལག་བཅོས་སྐྱོང་གི“ངོས”ཀྱི་བར།  ཀྲུང་གོའི་ས་ནག་སྲུང་སྐྱོབ་དང་བེད་སྤྱོད་དེ་དུས་རིམ་གསར་པར་སླེབས་པ་མ་ཟད། འབྲུ་རིགས་བདེ་འཇགས་འགན་སྲུང་ལ་རྨང་གཞི་བརྟན་པོ་བཏིངས་ཤིང་། ལྷག་པར་དུ་འཛམ་གླིང་ཡོངས་ཀྱི་ས་ནག་མུ་མཐུད་དུ་བེད་སྤྱོད་པར“ཀྲུང་གོའི་ཇུས་གཞི”ཕུལ།