མཚོ་ཤར་གྱིས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་སྤུས་ཚད་དང་ནུས་པ་མཐོར་འདེགས་བཏང་།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 10

མཚོ་ཤར་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱེད་རྒྱུར།  “ཡར་སྔོན་གྱི་རྒྱལ་ཁབ་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོགས་ཆགས་ཀྱི་ཐོན་ཁུངས་བརྟག་དཔྱད་དང་འཚོ་གནས་ཁུལ་ལ་སྔོན་དཔོག་བྱེད་པའི་ལས་གཞིའི་རིམ་པ་དང་པོའི་བྱ་བའི་ཁྲོད།  མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུས་ཀྱིས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་ངང་ནག་ཐོག་མར་རྙེད་པ་རེད།  དེས་མཚོ་ཤར་སྐྱེ་ཁམས་ཁོར་ཡུག་གི་རྒྱུན་མཐུད་ལེགས་བསྒྱུར་བྱས་པ་བདེན་དཔང་བྱས་ཡོད་ལ།  ས་གནས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་བའི་གྲུབ་འབྲས་མངོན་ཡོད”ཟེར།

ཉེ་བའི་ལོ་འདི་འགར།  མཚོ་ཤར་གྲོང་ཁྱེར་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ཁྲོད་རང་གི་ངེས་གནས་ཡང་དག་པ་དང་།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཁྲོད་ཏན་ཏིག་གིས་སྐུལ་འདེད་བཏང་བས།  གྲོང་ཁྱེར་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་བ་དང་།  སྐྱེ་ཁམས་ཀྱི་རྨང་གཞི་སྔར་བས་མཛེས་སྡུག་ལྡན་པར་གྱུར་ཡོད།  མཚོ་ཤར་གྲོང་ཁྱེར་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཐོན་ཁུངས་བརྟག་དཔྱད་བྱས་པར་གཞིགས་ན།  མཚོ་ཤར་གྲོང་ཁྱེར་དུ་ཁྱོན་བསྡོམས་རི་སྐྱེས་སྲོགས་ཆགས་རིགས350ལྷག་ཡོད་ལ་རི་སྐྱེས་སྐྱེ་དངོས་རིགས1540ལྷག་ཡོད།  དེའི་ཁྲོད་གསའ་དང་།  འཕར་བ།  ངང་ནག་བཅས་གསར་དུ་བསྣན་པའི་རྒྱལ་ཁབ་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོགས་ཆགས་ཀྱི་ཟིན་ཐོ་ཡོད་པ་དང་།  ད་དུང་ལོ་མང་འགོར་བའི་སྡོང་བོ་དང་མིང་གྲགས་ཅན་གྱི་ཤིང399ལ་ཡིག་ཚགས་བཟོས་ནས་མཛོད་དུ་བཅུག   དེ་དང་མཉམ་དུ།  མཚོ་ཤར་གྲོང་ཁྱེར་ལ་ད་ཡོད་ཀྱི་རྒྱལ་ཁབ་ལ་དབང་བའི་ནགས་ར36ཡོད་ལ།  སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆང་གྲུ་བཞི་མ་འབུམ་གསུམ་དང་ཁྲི་གསུམ་ཡོད།  རྒྱལ་ཁབ་ལ་དབང་བའི་ནགས་ཚལ་དང་ནགས་རའི་གསོག་ཚད་ལ་སྨི་གྲུ་བཞི་མ་ས་ཡུ་དྲུག་དང་འབུམ་གཅིག་ཁྲི་གཅིག་ཡོད་པ་དང་།  ནགས་རའི་སྲུང་སྐྱོབ་མཁན་མི1708བཀོད་སྒྲིག་བྱས་ཡོད།  མཚོ་ཤར་གྲོང་ཁྱེར་གྱིས་རང་བྱུང་སྲུང་སྐྱོབ་ས་ཁུལ་ཕྱོགས་བསྡུས་དང་ལེགས་བསྒྱུར་བྱས་རྗེས།  《མཚོ་སྔོན་ཞིང་ཆེན་རང་བྱུང་སྲུང་སྐྱོབ་ས་ཁུལ་ཕྱོགས་བསྡུས་ལེགས་བསྒྱུར་ཇུས་གཞི》ལྟར།  སྟོང་རི་ལྷ་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་བྱེད་པ་རྨང་གཞི་བྱེད་པ་དང་།  བྱང་རིའི་རྒྱལ་ཁབ་ནགས་རའི་སྤྱི་གླིང་དང་ཧོའུ་ཀྲུའུ་ནན་མིན་ཞཱ་རྒྱལ་ཁབ་བརླན་སའི་སྤྱི་གླིང་།  དེ་མིན་འབྲེལ་ཡོད་ལྗོངས་ཁུལ་བཅས་ཁོངས་སུ་གཏོགས་པའི་རང་བྱུང་སྲུང་སྐྱོབ་ཁུལ་དང་རང་བྱུང་སྤྱི་གླིང་རིམ་པ་གཉིས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་གྲུབ་པར་བྱས་ཡོད།  མཚོ་ཤར་གྲོང་ཁྱེར་རང་བྱུང་སྲུང་སྐྱོབ་ས་ཁུལ15ཡོད་ལ།  སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་གྲུ་བཞི་མ་འབུམ་གཉིས་དང་སྟོང་བརྒྱད་དང་དགུ་བརྒྱ་ཡོད།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།