​ཀྲུང་གོའི་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་རྗེས་དྲན་ཞུ་བའི་ཚོགས་ཆེན་གྱི་ཕྱོགས་བསྡུས་འཁྲབ་སྦྱོང་ཐེངས་གསུམ་པ་བདེ་བླག་ངང་མཇུག་བསྒྲིལ།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 14

གསར་འགོད་པས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་རྗེས་དྲན་ཞུ་བའི་བྱེད་སྒོའི་གསར་འགྱུར་ལྟེ་གནས་ནས་རྒྱུས་ལོན་པ་ལྟར་ན། ཟླ8པའི་ཚེས23ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་པ་ནས་ཟླ8པའི་ཚེས24ཉིན་གྱི་ནངས་མོའི་ཆུ་ཚོད་ལྔ་པའི་བར། པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ས་ཁུལ་དུ་ཀྲུང་གོའི་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་རྗེས་དྲན་ཞུ་བའི་ཚོགས་ཆེན་གྱི་ཕྱོགས་བསྡུས་འཁྲབ་སྦྱོང་ཐེངས་གསུམ་པ་སྤེལ། ངོ་སྤྲོད་བྱས་པར་ལྟར་ན། དེ་ནི་བརྒྱུད་རིམ་ཧྲིལ་བོ་དང་གྲུབ་ཆ་གཙོ་བོ་ཡོངས་སུ་འདུས་པའི་གྲ་སྒྲིག་འཁྲབ་སྦྱོང་ཐེངས་ཤིག་ཡིན་པ་དང་། རྗེས་དྲན་ཞུ་བའི་ཚོགས་ཆེན་གྱི་ཕྱོགས་བསྡུས་འཁྲབ་སྦྱོང་མཐའ་མའང་ཡིན། དེའི་ཁྲོད་དམག་གཟིགས་འདུས་པའི་རྗེས་དྲན་ཞུ་བའི་ཚོགས་ཆེན་གྱི་མཛད་སྒོ་དང་། གནས་སྤོ། ལྟད་མོ་བའི་རྩ་འཛུགས། འཕྲལ་བསྟུན་ཐག་གཅོད་སོགས་ཀྱི་ནང་དོན་འདུས་ཡོད་ལ། བརྒྱུད་རིམ་སོ་སོ་དང་རིམ་པ་སོ་སོའི་སྦྲེལ་མཐུད་གཞོགས་འདེགས་གཙིགས་སུ་བཟུང་ནས་ཞིབ་དཔྱད་བྱས་ཏེ་བྱེད་སྒོ་དངོས་བདེ་བླག་ངང་སྤེལ་རྒྱུར་རྨང་གཞི་བརྟན་པོ་བཏིང་།

མཚན་མོར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གློག་འོད་ཆེམ་ཆེམ་འཕྲོ་བ་དང་། དམག་མིའི་རོལ་དབྱངས་ཁྲོད་ཀྱི་གཟིགས་ཞིབ་དང་ལེན་དཔུང་སྡེ་རྔམ་བརྗིད་ལྡན། འཁྲབ་སྦྱོང་ཡུལ་དངོས་སུ་རིམ་པ་སོ་སོ་གོ་རིམ་ལྡན་པ་དང་། མཐུད་མཚམས་དམ་ཚགས་ཡིན་པ། འཁོར་སྐྱོད་ཐོགས་པ་མེད་པ་བཅས་བྱུང་ནས། སྔོན་དཔག་གི་དམིགས་འབེན་ལེགས་འགྲུབ་བྱུང་། པེ་ཅིང་གྲོང་ཁྱེར་གྱི་འབྲེལ་ཡོད་ཕྱོགས་ཀྱིས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བའི་རྒྱབ་སྐྱོར་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས།