
གྲོང་ཁྱེར་བྱེད་ནུས་འཐུས་ཚང་དུ་གཏོང་བ་དང་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ས་གནས་སོ་སོས་ཡུལ་བབ་དང་བསྟུན་ཏེ་གྲོང་ཁྱེར་གསར་བསྒྱུར་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
ཧུའུ་ནན་ཁྲང་ཧྲ་ཡིས་གཞིས་ཁུལ་རྙིང་པ་བསྒྱུར་བཀོད་བྱ་རྒྱུ་དེ་གྲོང་ཁྱེར་གསར་བསྒྱུར་གྱི་གཞི་རྩར་བཟུང་བ་དང་། ནོར་སྲིད་ཀྱིས་གྲོན་དངུལ་བཏང་ནས་གཞིས་ཁུལ་གྱི་མཉེན་ཆས་དང་སྲ་ཆས་ཕྱོགས་ཡོངས་ནས་བསྒྱུར་བཀོད་དང་གསར་བསྒྱུར་བྱས། ཞང་ཅང་ཁུལ་གསར་གྱི་ཧིང་ཐེན་གཞིས་ཁུལ་དེ་དུས་རབས་གོང་མའི་ལོ་རབས80པར་བསྐྲུན་ཞིང་། ཐེངས་འདིའི་བསྒྱུར་བཀོད་ཁྲོད་ཁང་པར་གསར་དུ་ཆུ་འགོག་དང་། ཕྱི་ངོས་ལེགས་བསྒྱུར། རླངས་འཁོར་འཇོག་ས་འི་བར་ཁྱམས་ཀྱང་གསར་བསྒྱུར་བྱས་པ་མ་ཟད། ད་དུང་སྤྱི་གླིང་ཆུང་ཆུང་དང་། སྤྲོ་གསེང་ཐང་ཆེན། ལུས་སྦྱོང་རྐང་ལམ་སོགས་གསར་དུ་བསྐྲུན་ཡོད།
ཁྲང་ཧྲའི་གྲོང་མི། ཀྲང་ཏི་ཡུས་ཀྱིས་བཤད་རྒྱུར། ང་ཚོས་བལྟས་ན་ཧ་ཅང་སྐྱིད་པོ་རེད། མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད་ཟེར།
མིག་སྔར། ཁྲང་ཧྲ་རུ་རིམ་རྩིས་བྱས་ན་མཁར་གྲོང་གཞིས་ཁུལ་རྙིང་པ2296ལ་བསྒྱུར་བཀོད་བྱས་པ་དང་། སྡོད་དམངས་ཁྱིམ་ཚང་ཆིག་འབུམ་སུམ་ཁྲི་ལྷག་ལ་ཕན་པ་བསྐྲུན། ཀོང་ཞི་ཀུའེ་ཀང་གིས་གཞིས་ཁུལ་རྙིང་པ་བསྒྱུར་བཀོད་དང་“ཆ་ཚང་མཁར་སྡེ”འཛུགས་སྐྲུན་བྱ་བ་ཟུང་འབྲེལ་དང་། ཐོན་ཁུངས་སྡེབ་སྒྲིག་བྱས་ཏེ། རིག་གནས་རོལ་རྩེད་དང་། བུ་བཅོལ་སློབ་གསོ། རྒན་གསོ་སོགས་ཀྱི་ཞབས་ཞུ་ནང་འདྲེན་བྱས་པ་དང་། སྐར་མ་བཅོ་ལྔའི་རིང་གི་དམངས་ཕན་འཚོ་བའི་ཚོམས་བསྐྲུན་རྒྱུ་རེད། སི་ཁྲོན་ནན་ཁྲུང་ཕིན་ཨན་རྫོང་གིས་གཞིས་ཁུལ་རྙིང་པ་བསྒྱུར་བཀོད་བྱེད་པའི་བརྒྱུད་རིམ་ཁྲོད། ས་སྟེང་བར་སྟོང་ཇེ་ལེགས་སུ་བཏང་ཞིང་། ས་འོག་སྦུག་དྲ་སྣ་ཚོགས་བཏིང་བ་དང་། འབར་རླངས་སྦུག་དྲ་དང་། ཆར་བ་དང་བཙོག་ཆུའི་སྦུག་དྲ། ཁ་ཐོར་གྱི་གློག་ཞན་སྐུད་ལམ་སོགས་གཅིག་གྱུར་ཚད་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་ས་འོག་ཏུ་བཏིངས་ཡོད།
གསོག་འཇོག་བར་སྟོང་སྐུལ་སློང་ཐད། ཅང་ཞིས་ནན་ཁྲང་གིས“གྲོང་ཁྱེར་གསར་བསྒྱུར་དང་རིག་གནས་ནུས་པ”གསར་གཏོད་ལག་བསྟར་བྱས་ནས། བཟོ་ཁང་རྙིང་པ་སྐོར་ཞིག་རིམ་བཞིན་སླར་གསོ་བྱས། སྔ་རྗེས་སུ་ས་ཁྱོན་མུའུ987ཙམ་གྱི་བཟོ་ལས་ཤུལ་བཞག་རིག་གནས་གསར་གཏོད་གླིང13བསྐྲུན། རིག་གནས་གསར་གཏོད་དང་། གློག་རྡུལ་ཚོང་དོན། ལུས་རྩལ་རོལ་རྩེད་སོགས་ལས་རྣམ་མི་འདྲ་བ་ཚུད་ཡོད་པས། གྲོང་ཁྱེར་གྱི་རིག་གནས་མིང་བྱང་དང་འཚོ་བའི་མཚོན་རྟགས་གསར་པར་འགྱུར་བཞིན་ཡོད།
ནན་ཁྲང་གི་གྲོང་མི། ཚའོ་ཙི་ཐིན་གྱིས་བཤད་རྒྱུར། བཟོ་བཀོད་ལ་ཁྱད་ཆོས་ལྡན་པ་དང་བཟོ་ཁང་རྙིང་པའི་ཁྱད་ཆོས་ཡོད་ལ། ལས་རྣམ་ཡང་ཧ་ཅང་མང་པོ་ཡོད། པར་བླངས་ན་ཧ་ཅང་ཡག་པས་ངའི་ཡིད་དབང་འཕྲོག་སོང་ཟེར།
གྲོང་ཁྱེར་སྔར་ལས་མཛེས་སྡུག་ལྡན་པ་དང་བདེ་སྡོད་ལ་འཚམ་པར་བྱ་དགོས། ཧྲའན་ཞི་ཨན་ཁང་དུ་ཧན་ཅང་གཙང་པོ་གྲོང་ཁྱེར་བརྒྱུད་ནས་བཞུར་གྱིན་ཡོད། ད་ལོར། ཨན་ཁང་གིས་ཧན་ཅང་གཙང་པོའི་ངོགས་གཉིས་ཀྱི་ཆུ་ལོག་སྔོན་འགོག་ཆུ་རགས་དང་གཙང་འགྲམ་ལ་ཕྱོགས་ཡོངས་ནས་རིམ་སྤོར་བསྒྱུར་བཀོད་བྱས། གཙང་པོ་གཅིག་གི་ངོགས་གཉིས་ལ་དམིགས་ནས་གྲོང་ཁྱེར་གྱི་མགྲོན་བསུ་ཁང་བསྐྲུན་པ་དང་། གཙང་པོ་བསྐོར་ནས་སྤྱི་ལེ25ཡི་ལུས་སྦྱོང་དལ་བགྲོད་ལམ་བུ་བསྐྱར་སྐྲུན་བྱེད་ཅིང་། འགྲམ་རྒྱུད་ངོགས་གཉིས་སུ་རྐང་གྲུག་དང་ལྒང་ལི། བྱ་སྒྲོའི་སྤོ་ལོ་སོགས་ལུས་རྩལ་ཐང་བསྐྲུན་རྒྱུ་རེད། རྗེས་མར་ཨན་ཁང་གིས་མཚོ་འགྲམ་ཡུལ་སྐོར་ཉོ་སྒྲུབ་དང་ཆུ་ཐོག་ལུས་རྩལ་སོགས་ཀྱི་ལས་རྣམ་གསོ་སྐྱོང་བྱས་ནས། མི་རྣམས་ཀྱི་འཚོ་བའི་སྐྱིད་སྣང་ཆེ་རུ་གཏོང་བ་དང་ཆབས་ཅིག ཡུལ་སྐོར་ཁེ་སྤོགས་ཀྱིས་མང་ཚོགས་སྔར་ལས་མང་པོར་ཕན་ཁེ་བསྐྲུན་རྒྱུ་རེད།