ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བྱེད་ཐབས་མང་པོ་སྤྱད་དེ་བུད་མེད་ཀྱི་ཁྱིམ་ལས་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་དང་ཤོང་ཚད་ཇེ་ཆེར་གཏོང་རྒྱུར་སྐུལ་འདེད་བཏང་།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་ཀྱི་ཁྱིམ་ལས་ཞབས་ཞུའི་སྤུས་ཚད་མཐོར་གཏོང་དང་ཤོང་ཚད་ཆེར་གཏོང་ཐད་སྐུལ་འདེད་གང་ལེགས་བཏང་བ་དང་། བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ་བུད་མེད་ཀྱི་ལས་སྐྲུན་ལས་ཞུགས་ལ་སྐུལ་འདེད་བཏང་ལ། ལས་རིགས་ཆེད་ལས་ཅན་དང་ཚད་ལྡན་ཅན། སྤུས་རྟགས་ཅན་བཅས་ཀྱི་ཆུ་ཚད་མུ་མཐུད་ཇེ་མཐོར་བཏང་། མིག་སྔའི་བར་དུ། བུད་མེད་འབུམ་གཅིག་ལྷག་ལ་གསོ་སྦྱོང་བྱས་པ་དང་། བུད་མེད་ཁྲི་གསུམ་དང་སྟོང་གཉིས་ལྷག་ལས་ཞུགས་བྱེད་དུ་བཅུག

ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱིམ་ལས་སྐོར་གྱི་འཇོན་མིའི་དཔུང་སྡེ་རྒྱ་སྐྱེད་གང་ལེགས་བཏང་བ་དང་། འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ། རྩལ་ནུས་ལ་བརྟེན་ནས་མདུན་ལམ་གསལ་སྟོན་བྱེད་པའི་གསོ་སྦྱོང་བྱ་འགུལ་སྤེལ་བ་དང་། རྒན་པ་དང་བྱིས་པའི་ལྟ་སྐྱོང་དགོས་མཁོར་དམིགས་ཏེ་བུད་མེད་འབུམ་གཅིག་ལྷག་ལ་མ་ལག་ལྡན་པའི་སྒོ་ནས་གསོ་སྦྱོང་བྱས་པར་མ་ཟད། ཁྱིམ་ལས་དང་འབྲེལ་བའི་ཁེ་ལས200ལྷག་ལ་གསོ་སྐྱོང་བྱས།  དུས་མཚུངས་སུ། གཙང་པོའི་འགོ་ཁུངས་ཀྱི་བུད་མེད་མཛངས་མ་ཞེས་པའི་གཅིག་གྱུར་སྤུས་རྟགས་བཏོད་པ་དང་། བུད་མེད་ཀྱི་ཁྱིམ་ལས་དཔེ་སྟོན་རྟེན་གཞི84དང་སྣེ་ཁྲིད་ཁེ་ལས་དང་དཔེ་སྟོན་ཁེ་ལས17ལ་རོགས་སྐྱོར་བྱས་ཏེ། གནའ་མཁར་ཟི་ལིང་གི་ཆུང་མ་མཛངས་མ་དང་ཁྱིམ་ལས་རོགས་རེས་སོགས་ཁྱད་ཆོས་ལྡན་པའི་ཞབས་ཞུའི་སྤུས་རྟགས་ཁག་གཅིག་རིམ་པར་གྲུབ་པ་ལ་སྐུལ་ཁྲིད་བྱས་ནས། ལས་རིགས་ཀྱི་འབོད་འགུགས་ནུས་པ་མངོན་སུམ་ཇེ་དྲག་ཏུ་བཏང་།

བན་དེ་སྐྱབས་ཀྱིས་བསྒྱུར།