
ཉེ་ལམ། གསར་འགོད་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཚུན་ལ། མགོ་ལོག་ཁུལ་གྱིས་ས་ཁོངས་ཀྱི་ཁྱད་ཆོས་ལ་དམིགས་ནས། ཀྲུང་བོད་ལུགས་གསོ་རིག་གི་ཞབས་ཞུའི་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་རྒྱུ་འགོ་རྩོམ་སར་བྱས་ཏེ། བོད་ལུགས་གསོ་རིག་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་བཏང་། ད་ལོའི་ལོ་སྟོད་བར་དུ། མགོ་ལོག་ཁུལ་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གི་ཀྲུང་བོད་ལུགས་སྨན་བཅོས་བྱེད་ཚད་བརྒྱ་ཆའི་སོ་ལྔ་དང་གྲངས་ཆུང་གསུམ་བཞི་ལ་སླེབས་ནས། མང་ཚོགས་རྣམས་ཀྱིས་ཐག་ཉེ་ས་ནས་ཁྱད་ལྡན་བོད་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པར་བྱས།
མགོ་ལོག་ཁུལ་གྱིས་བོད་ལུགས་གསོ་རིག་གི་ཁྱད་ལྡན་ལག་རྩལ་ཤུགས་ཆེན་པོས་ཁྱབ་གདལ་དུ་བཏང་ནས། ཁྱད་ལྡན་ཆེད་ལས་ཚན་ཁག་དང་སྨན་ཁང་གྲགས་ཅན་གྱི་རྒྱུན་འཛིན་ཁང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། བོད་སྨན་ཁང་གི་སྒྲིག་ཆས་འཐུས་ཚང་དུ་བཏང་ནས་མང་ཚོགས་ཀྱི་ནད་སྟོན་ཁོར་ཡུག་ལེགས་བཅོས་དང་བོད་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུའི་ནུས་པ་མཐོར་འདེགས་བཏང་། དེ་དང་མཉམ་དུ། མགོ་ལོག་ཁུལ་གྱིས་ས་གནས་དང་གྲོང་ཁྱེར་རིམ་པའི་ཆེད་ལས་ཚན་ཁག་གཙོ་བོ་དང་དར་ལག་རྫོང་བོད་སྨན་ཁང་གི་རྫོང་རིམ་པའི་ཆེད་ལས་ཚན་ཁག་གཉིས་དང་ལྟེ་གནས་གཅིག་གི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་པ་དང་། ལས་གཞི་རེར་སོ་སོར་མ་དངུལ་སྒོར་ས་ཡ་གཉིས་རེ་བཏང་། མིག་སྔར། མགོ་ལོག་ཁུལ་གྱི་ཡུལ་ཚོ་དང་གྲོང་རྡལ་འཕྲོད་བསྟེན་ཁང་ཞེ་ལྔ་རུ་བོད་ལུགས་གསོ་རིག་གི་ཧོར་མེ་དང་བོད་སྨན་བྱུགས་པ་སོགས་ཁྱད་ལྡན་གསོ་བཅོས་ལག་རྩལ་བཅུ་ལྷག་ཡོད་པ་དང་། བསྡོམས་པས་ནད་པ་སྟོང་གསུམ་དང་ཉིས་བརྒྱ་ལྷག་ལ་ཞབས་འདེགས་ཞུས་ཤིང་། དཔེ་སྟོན་བོད་སྨན་ཁང་གསར་འཛུགས་བྱས་ཚད་བརྒྱ་ཆའི་ལྔ་བཅུའི་ཡན་ལ་སླེབས།
དེ་མིན། མགོ་ལོག་ཁུལ་གྱིས་བོད་ལུགས་གསོ་རིག་སྨན་པའི་དཔུང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། འཇོན་མི་ནང་འདྲེན་འཐབ་ཇུས་ལག་བསྟར་བྱས་ལ། ཞིང་ཆེན་ཕྱི་ནང་གི་མིང་དུ་གྲགས་པའི་བོད་ལུགས་གསོ་རིག་ཆེད་མཁས་པ་སོགས་དང་མཉམ་དུ་དུས་ཡུན་རིང་བོའི་མཉམ་ལས་འབྲེལ་བ་བཙུགས་ཏེ། དགེ་རྒན་ཆེན་མོ་ལྔ་གདན་ཞུ་བྱས་ནས་ནད་ཁང་ཞིབ་བཤེར་དང་རིག་གཞུང་འཆད་ཁྲིད། དཀའ་གནད་ཆེ་བའི་ནད་དཔེར་དཔྱད་བསྡུར་བྱེད་པ་སོགས་ཀྱི་བྱ་འགུལ་སྤེལ། རིག་གནས་ཁྱབ་གདལ་དུ་གཏོང་བའི་ཐད་བོད་ལུགས་གསོ་རིག་གི་ཞབས་ཞུའི་ཟླ་བ་དང་བོད་ལུགས་གསོ་རིག་སློབ་རར་བསྐྱོད་པ། བོད་ལུགས་གསོ་རིག་གིས་དམངས་ལ་ཕན་བདེ་བསྐྲུན་པ་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། མཐོ་སྒང་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་ནུས་ཡོད་སྒོས་མཐོར་འདེགས་བཏང་།
ལྷ་མོ་ཚེ་རིང་གིས་བསྒྱུར།