མཚོ་སྔོན་གྱིས་སྨན་རྫས་ལྟ་སྐུལ་དོ་དམ་བཅོས་སྒྱུར་ཟབ་སྤེལ་བཏང་ནས་སྨན་རྫས་དང་ཡོ་བྱད་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ8པའི་ཚེས20ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་ལྟ་སྐུལ་དོ་དམ་བཅོས་སྒྱུར་གྱི་ཐབས་ལམ་འཚོལ་ཞིབ་གང་ལེགས་བྱས་ཏེ། བཅོས་སྐྱོང་ནུས་པ་དང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས། ལམ་ལུགས་གསར་གཏོད་དང་བརྒྱུད་རིམ་བསྐྱར་སྐྲུན། ལག་རྩལ་ལ་བརྟེན་ནས་ནུས་ཤུགས་སྩོལ་བ། ཞབས་ཞུ་རིམ་སྤོར་བཅས་བརྒྱུད་དེ། ཐོན་ལས་ཀྱི་སྒུལ་ཤུགས་ལ་སྐུལ་སློང་དང་སྤྱི་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱེད་པའི་སྡེབ་སྒྲིག་རྣམ་པ་ཡི་སྟོབས་ཤུགས་ཆ་ཚང་ཞིག་ངང་གིས་གྲུབ་པར་བྱས།

ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་འཁོར་ཡུན་ཡོངས་ཀྱི་གནད་ཁེལ་ཞབས་ཞུའི་མ་ལག་འཛུགས་རྒྱུར་འབད་བརྩོན་བྱས་ཏེ། ཀུན་གྱི་སྔོན་ལ་ཞུགས་པ་དང་ཁེ་ལས་གཅིག་ལ་ཐབས་ཇུས་གཅིག་རེ་འདོན་པ། བརྒྱུད་རིམ་ཧྲིལ་པོར་མཛུབ་སྟོན་བྱེད་པ། ཞིབ་འཇུག་ཞིབ་བཤེར་མཉམ་འགུལ་བཅས་ཀྱི་ལས་ཀའི་ལམ་སྲོལ་ལྟར་དུ། ཁེ་ལས་ཀྱི་ནང་རྒྱུས་ཞིབ་མོ་ལོན་པར་བྱས་ནས་དགོས་མཁོ་དངོས་རྟོགས་པར་བྱས། ཀྲུང་ལུགས་དང་བོད་ལུགས་སྨན་རྫས་ཀྱི་ཁྱད་ཆོས་སྔོག་འདོན་བྱེད་པའི་ཐད། ཀྲུང་ལུགས་དང་བོད་ལུགས་སྨན་རྫས་ཀྱི་རྒྱུ་ཆ་དང་སྡེབ་སྦྱོར་གྱི་ཚད་གཞི་གསར་པ་རབ་དང་རིམ་པ་ཁྱབ་སྒྲོག་བྱས་ནས། ཀྲུང་ལུགས་དང་བོད་ལུགས་སྨན་རྫས་འཕེལ་རྒྱས་གཏོང་བར་ཚད་གཞི་ཡོད་པར་བྱས་པ་དང་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་། མཚོ་སྔོན་གྱི་སྨན་རྫས་གྲགས་ཅན་གདམ་གསེས་བྱས་ནས་མཛོད་འཛུགས་པའི་ལས་དོན་ཤུགས་ཆེན་སྤེལ་ནས། སྨན་རྫས་གྲགས་ཅན་དེ་སྨན་བཅོས་གསར་པའི་ཕྱོགས་སུ་འགྱུར་བའི་འཕེལ་རིམ་སྔར་ལས་ཇེ་མགྱོགས་སུ་གཏོང་བཞིན་ཡོད། གསར་གཏོད་ཀྱི་སྐྱེ་ཁམས་བཟང་པོ་བསྐྲུན་ཆེད། ཞིབ་བཤེར་ཞིབ་དཔྱད་ཚད་ལེན་དང་ཉེན་ཁའི་གདེང་འཇོག་སོགས་ཀྱི་ལས་སྟེགས་ལ་བརྟེན་ནས། ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད། འཁོར་རྒྱུག་བཅས་ཀྱི་འབྲེལ་ཐག་ཧྲིལ་པོར་ཁྱབ་པའི་གསར་གཏོད་འདེགས་སྐྱོར་མ་ལག་སྐྲུན་བཞིན་ཡོད། སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་ཏུ། སྨན་རྫས་དང་ཡོ་བྱད་ཀྱི་དྲ་སྦྲེལ་གསར་གཏོད་གོ་རིམ་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། སྨན་བཅོས་འགན་སྲུང་ཆོག་འཐུས་ཀྱི་གེགས་མེད་བགྲོད་ལམ་ཤར་གཏོང་བྱེད་པ། ནད་ཐོག་ཏུ་གསར་གཏོད་ཐོན་རྫས་སྔོན་ལ་སྤྱོད་རྒྱུར་སྐུལ་མ་གཏོང་དགོས། སྨན་རྫས་ཡོ་བྱད་ཕྱིར་གཏོང་གི་ཐོབ་ཐང་ཁྱབ་ཁོངས་རྒྱ་སྐྱེད་གང་ལེགས་བཏང་ནས། རྒྱལ་སྤྱིའི་བརྗེ་རེས་སྟེགས་བུ་བཙུགས་ཏེ། ཀྲུང་ལུགས་དང་བོད་ལུགས་སྨན་རྫས་འཛམ་གླིང་དུ་ཁྱབ་པར་སྐུལ་འདེད་གཏོང་དགོས།

ཁེ་ལས་ཀྱི་ཐོ་འགོད་རེ་ཞུ་ཉུང་དུ་གཏོང་བར་རྒྱབ་སྐྱོར་བྱེད་པར་ཞབས་འདེགས་ཞུ་ཆེད། ཐོ་འགོད་རེ་ཞུ་དང་ཐོ་འགོད་མ་བྱས་པའི་སྔོན་གྱི་ཟུར་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ་དང་། དྲ་ལམ་གྱི་སྨན་རྫས་ཞིབ་བཤེར་སློབ་ཁྲིད་དང་སྨན་བཅོས་ཡོ་བྱད་ཞིབ་བཤེར་སློབ་ཁྲིད་སོགས་ཀྱི་སྟེགས་བུ་སྤྱད་དེ། ཆེད་ལས་གསོ་སྦྱོང་བྱས་ནས་ཁེ་ལས་ཀྱི་སྙན་ཞུའི་ནུས་པ་ཆེ་རུ་གཏོང་བཞིན་ཡོད། ཞིབ་བཤེར་བརྒྱུད་རིམ་ཐད་བློ་ཁོག་ཆེན་པོས་གསར་གཏོད་བྱས་ཏེ། སྔོན་ལ་ཞིབ་བཤེར་བྱ་རྒྱུའི་རེ་ཞུ་ཁ་གསབ་བྱེད་ཆོག་པ་དང་ཐོ་འགོད་ཞིབ་བཤེར་གྱི་མ་དཔེ་གྲངས་འབོར་དང་ཞིབ་བཤེར་དུས་ཚད་ཆེས་ཆེར་ཉུང་དུ་བཏང་། ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་བའི་ཐད། སྨན་རྫས་ལྟ་སྐུལ་དང་གླིང་ཁུལ། ཁེ་ལས། སྤྱི་ཚོགས་བཅས་ཕྱོགས་བཞིའི་མཉམ་འགུལ་གྱི་གནད་ལ་འཁེལ་བའི་ཞབས་ཞུའི་ལམ་སྲོལ་འཛུགས་བཞིན་ཡོད། ལས་རིམ་ཧྲིལ་པོ་དྲ་ལམ་ནས་སྒྲུབ་རྒྱུ་ཁྱབ་སྤེལ་གང་ལེགས་བཏང་ནས། ཞིབ་མཆན་འགོད་པའི་དུས་ཡུན་ཆེས་ཆེར་ཇེ་ཉུང་དུ་བཏང་།

བན་དེ་སྐྱབས་ཀྱིས་བསྒྱུར།