སྐྱེ་ཁམས་ཞིབ་འཇུག་ལ་བརྟེན་ཏེ་མཚོ་སྔོན་པོའི་ཕྱོགས་སོ་སོར་སྲུང་སྐྱོབ་ཀྱི་གྲུབ་འབྲས་ཐོབ།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 18

ཟླ8པའི་ཚེས20ཉིན།  གསར་འགོད་པས་མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་དང་བེད་སྤྱོད་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་ནས་བཟུང་།  མཚོ་སྔོན་པོ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་ཞིབ་འཇུག་ལྟེ་གནས་ཀྱིས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་དཔལ་ཡོན་གྱི་ལག་ལེན་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་བྱེད་པ་གོ་སྐབས་སུ་བཟུང་སྟེ།  ཐབས་མང་མཉམ་སྤྱོད་སྒོས་རྨང་གཞིའི་མ་ལག་ཧྲིལ་བོ་སྟོབས་ལྡན་དུ་གཏོང་བ་དང་།  སློབ་ཁྲིད་བཀོད་སྒྲིག་ལེགས་བསྒྱུར་བྱེད་པ།  ལག་ལེན་ཉམས་མྱོང་ཟབ་སྤེལ་བྱེད་པ།  ཞབས་ཞུའི་འགན་སྲུང་ཞིབ་ཚགས་ཅན་དུ་གཏོང་བ་བཅས་བྱས་ཏེ།   སྐྱེ་ཁམས་ཞིབ་འཇུག་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་སྲུང་སྐྱོབ་གྲུབ་འབྲས་མངོན་པར་བྱས་ཡོད།

བསྒྱུར་བཀོད་ཆུང་ངུར་བརྟེན་ནས་མཐོར་འདེགས་ཆེན་པོ་གཏོང་བའི་འདུ་ཤེས་ཀྱིས་ད་ཡོད་ཀྱི་ཐོན་ཁོངས་གཅིག་བསྡུས་བྱས་ཏེ།  ཁྱོན་ཡོངས་ནས་གཞི་རྩའི་མ་ལག་ཧྲིལ་བོ་སྟོབས་ལྡན་དུ་བཏང་བ་དང་།  མཚོ་སྔོན་པོ་སྐྱེ་ཁམས་ཞིབ་འཇུག་ལྟེ་གནས་དང་སྐྱེ་ཁམས་གྲུབ་འབྲས་འགྲེམ་སྟོན་སྒེའུ་ཁུང་།  སྐྱེ་ཁམས་ཤེས་བྱ་ཁྱབ་བརྡལ་སྤྱི་སྟེགས་བཅས་བཙུགས་ནས།  མཚོ་སྔོན་པོ་སྐྱེ་ཁམས་དཔལ་ཡོན་ཚོམས་ཆེན་དང་མཚོ་སྔོན་པོ་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་ཆ་འཕྲིན་ལྟེ་གནས།  རི་དྭགས་གཙོད་དང་འབྲེལ་བའི་ཤེས་བྱའི་ཁྱབ་བརྡལ་ཁང་སོགས་ཕྱི་ནང་ཟུང་འབྲེལ་གྱི་ཞིབ་འཇུག་ཁང་བདུན་བཙུགས་པ་དང་།  ཁང་བའི་ནང་ནས་ཡུལ་རྣམ་སླར་གསོ་བྱེད་པ་དང་མཉམ་འགུལ་འགྲེམ་སྟོན་བྱེད་པ།  ཁང་བའི་ཕྱི་ནས་ཡུལ་དངོས་ལྟ་ཞིབ་ཚད་ལེན་བྱེད་པའི་རྣམ་པར་བརྟེན་ནས།  ཐུན་མོང་མ་ཡིན་པའི་ཞིབ་འཇུག་རྣམ་པ་བསྐྲུན་ཡོད།

ཕྱོགས་ཡོངས་ནས་སློབ་ཁྲིད་བཀོད་སྒྲིག་ལེགས་བསྒྱུར་བྱས་ཏེ།  ཞིབ་ཚགས་ཀྱིས་སློབ་ཁྲིད་མ་ལག་གསར་སྤེལ་དང་གཏན་ཁེལ་བྱས་པ་དང་།  ལོ་ན་མི་འདྲ་བའི་དུས་རིམ་སོ་སོར་ཁེབས་པར་བྱས་ཡོད།  སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་བརྗོད་གཞི་གཞིར་བཟུང་ནས།  “མཚོ་སྔོན་པོའི་བསྡུས་བརྗོད”དང“བྱ་རིགས་ལ་ལྟ་བ”“ཉ་རིགས་ལ་ལྟ་བ”“རིགས་དྭགས་གཙོད་ལ་ལྟ་བ”བཅས་ཞིབ་འཇུག་སློབ་སྦྱོང་དང་ལག་ལེན་བརྗོད་གཞི་ཡིན་པའི་སློབ་ཁྲོད་གསར་ཏུ་བཏོན་པ་མ་ཟད།  ཚན་རིག་རང་བཞིན་དང་སྤྲོ་སྣང་རང་བཞིན་ལྡན་པའི་རྒྱ་ཡིག་དང་དབྱིན་ཡིག་ཟུང་འབྲེལ་ཡིན་པའི་གཙོད་དང་འབྲེལ་བའི་སྤུས་ལེགས་སློབ་ཁྲིད་གསུམ་བཏོན་ཏེ།  བསླབ་རིམ་མི་འདྲ་བས་རང་མོས་སྒོས་བདམས་ཆོག་པར་བྱས།  ཞིབ་འཇུག་སློབ་སྟོན་པ་བཅུ་ལྷག་བསྐོ་བཞག་བྱས་པའི་རྨང་གཞིའི་སྟེང་།  ཧུར་བརྩོན་གྱིས་ཚན་རིག་ཞིབ་འཇུག་ཁང་གི་ཆེད་ལས་ཞིབ་འཇུག་ཚོགས་པ་དང་།  སྐྱེ་ཁམས་ཁྱབ་ཁོངས་ཀྱི་ཆེད་མཁས་པ།  མཚོ་སྔོན་པོ་སྐྱེ་ཁམས་སྲུང་སྐྱོབ་པ་བཅས་གདན་འདྲེན་བྱས་ནས་དུས་བཅད་ལྟར་སློབ་ཁྲིད་བྱས་ནས།  སྐྱེ་ཁམས་ཤེས་བྱ་དང་ཡུལ་དངོས་ཀྱི་སྲུང་སྐྱོབ་ལག་ལེན་གཏིང་ཟབ་ངང་མཉམ་འདྲེས་བྱས་ཡོད།

ཕྱོགས་ཡོངས་ནས་ལག་ལེན་ཉམས་མྱོང་ཟབ་སྤེལ་བྱས་ཏེ།  VRདངARལག་རྩལ་ནང་འདྲེན་དང་།  གསོན་ཉམས་ལྡན་པའི་སློབ་ཁྲིད་བཀོད་སྒྲིག་བྱེད་པ།  འགྲེལ་བཤད་དང་ཉམས་ལེན།  མཉམ་འགུལ་བཅས་ཟུང་དུ་འབྲེལ་བའི་སློབ་ཁྲིད་རྣམ་པ་བེད་སྤྱད་དེ།  སིམ་རྣམ་ཞིབ་འཇུག་གི་ཉམས་མྱོང་བསྐྲུན་ཡོད།  མཚོ་སྔོན་པོ་སྐྱེ་ཁམས་དྲ་རྒྱའི་ལྟ་ཞིབ་དང་ཚད་ལེན་སྤྱི་སྟེགས་སྤྱད་དེ།  དུས་ལྟར་མཚོ་སྔོན་པོའི་གཙོ་གནད་རི་སྐྱེས་སྲོག་ཆགས་དང་འཚོ་གནས་ཁུལ།  མཚོ་ཁའི་རྩྭ་ཐང་དང་།  བརླན་ས།  ནགས་ཚལ།  བྱེ་ཐང་གི་སྐྱེ་ཁམས་མ་ལག་སོགས་ལ་ལྟ་ཞིབ་ཚད་ལེན་བྱས་པར་མ་ཟད།  དོན་དངོས་ཀྱི་གནས་ཚུལ་དང་ཟུང་འབྲེལ་སྒོས་སྐྱེ་དངོས་ཀྱི་མ་དཔེ་བཟོ་བ་དང་།  ཁོར་ཡུག་སྲུང་སྐྱོབ།  ལག་བཟོས་རི་མོ་སོགས་ལག་ལེན་བྱ་འགུལ་སྤེལ།

གསར་གཏོད་དང་ལག་བསྟར།  རང་བདག  དོ་དམ་བཅས་ཀྱིས་ཕྱོགས་གསུམ་པའི་ཞབས་ཞུ་དང་ཟུང་འབྲེལ་ཡིན་པའི་འགུལ་སྤྱོད་རྣམ་པ་ལ་བརྟེན་ཏེ།  ཁྱོན་ཡོངས་ནས་ཞབས་ཞུའི་འགན་སྲུང་ཞིབ་ཚགས་ཅན་དུ་གཏོང་བ་དང་།  འཆར་འགོད་དང་བརྗོད་གཞི།  གསལ་བཤད་ཀྱི་ཚིག་དང་ཞིབ་འཇུག་གི་ཐོན་རྫས།  དྲིལ་བསྒྲགས་ལག་དེབ་དང་དྲིལ་བསྒྲགས་བརྙན་རིས་སོགས་ཚད་ལྡན་དུ་བཏང་བ་དང་།  ཤུགས་ཆེན་པོས་ཞིང་ལས་དང་མཉམ་འབྲེལ་གྱིས་ཞིང་ལས་འཕེལ་རྒྱས་གཏོང་བའི་རྐྱེན་སྲོལ་གྱི་ཕན་ནུས་མངོན་པར་བྱས་ཏེ།  ཁྱོན་ཡོངས་ནས་གཅིག་འཐུས་རྣམ་པའི་ཞབས་ཞུ་ལག་བསྟར་བྱས།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།