མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་ཁྲོམ་རའི་འཕེལ་རྒྱས་རྣམ་པ་རྒྱུན་མཐུད་ངང་ཇེ་བཟང་དུ་སོང་།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 15

ཟླ8པའི་ཚེས25ཉིན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་ཡིས་བསྒྲགས་པ་ལྟར་ན། ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཁྲལ་དོན་སྡེ་ཁག་གིས་དངུལ་ཁྲལ་མཉམ་འགུལ་གྱི་ལམ་སྲོལ་གྱིས་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་མཁོ་འདོན་བྱེད་པ་དང་། དམངས་སྟབས་བདེ་བའི་དཔྱ་ཁྲལ་བསྡུ་བའི་དཔྱིད་རླུང་བྱ་སྤྱོད་བསྒྲུབ་པ་དང་། གཉེར་སྐྱོང་གཙོ་གཟུགས་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་ནས་ཕན་འབྲས་ཐོན་དུ་འཇུག་པ། རྒྱུན་མཐུད་ངང་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུར་རོགས་རམ་བྱེད་བཞིན་ཡོད།

ས་ཁོངས་མཐུན་སྦྱོར་དང་ཐོན་རྫས་གསར་གཏོད་ཀྱི་ཟུང་འབྲེལ་འཕར་སྣོན་ལ་སྐུལ་འདེད་བཏང་། ལྟེ་བ་གཅིག་དང་རྒྱུད་མང་པོའི་སྐྱེ་ཁམས་སྒྲིག་གཞི་མུ་མཐུད་ཇེ་ལེགས་སུ་བཏང་བ་དང་། ཟི་ལིང་གྲོང་ཁྱེར་གྱི་ཁྱབ་འགྱེད་སྐུལ་ཁྲིད་ཕན་འབྲས་མངོན་གསལ་དོད་པོར་ཕྱིན་ནས་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཞབས་ཞུའི་སྤ་སེ་ཕྱིར་ཚོང་ཡོང་འབབ་བརྒྱ་ཆའི་བརྒྱད་ལས་བརྒལ་ཡོད་པ་དང་། དེའི་ནང་ཡུལ་སྐོར་འགྲེམས་ཚོགས་ཞབས་ཞུའི་འཕར་ཚད་བརྒྱ་ཆའི72.7ཟིན་ཡོད། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱི་ཚོང་གཉེར་གཙོ་གཟུགས་ཀྱི་འཛིན་ཤོག་སྤྲོད་པའི་ཡོང་འབབ་ལྡབ2.5འཕར་བ་དང་མཐའ་འཁོར་གྱི་ཐོན་ལས་མཉམ་འགུལ་སྔར་བས་དམ་ཟབ་བྱུང་ཡོད། སྐྱེ་ཁམས་ཡུལ་སྐོར་ཁུལ་བརྒྱད་ཀྱི་འབྲེལ་ཡོད་འཛད་སྤྱོད་མངོན་གསལ་དོད་པོས་འཕར་བ་དང་། ཁྱད་ཆོས་ལྡན་པའི་ཞིང་འབྲོག་ཐོན་རྫས་དང་རིག་གནས་གསར་གཏོད་ཀྱི་འཛིན་ཤོག་སྤྲད་ནས་ཕྱིར་ཚོང་ཡོང་འབབ་འཕར་ཚད་མཐོ་ཤོས་བརྒྱ་ཆའི90ལས་བརྒལ་ཡོད།

ལས་རྣམ་གསར་པ་དེ་འཛད་སྤྱོད་ལ་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཉམས་ལེན་དང་ཚན་རིག་ཁྱབ་གདལ་ཞིབ་འཇུག་སོགས་ལས་རྣམ་གསར་པའི་རྣམ་གྲངས་ཀྱིས་མཛེས་ལྗོངས་ཁུལ་ཁག་གཅིག་གི་སྤ་སེ་ཕྱིར་ཚོང་ཡོང་འབབ་ལྡབ་འགྱུར་གྱིས་འཕར་རྒྱུར་སྐུལ་འདེད་བཏང་ཡོད། སྲོལ་རྒྱུན་མཛེས་ལྗོངས་ཁུལ་ཁག་གཅིག་གིས་ཚྭའི་བརྐོ་བཟོ་དང་ཚྭ་སྔོག་འདོན་ཉམས་ལེན་སོགས་ཁྱད་ཆོས་ལྡན་པའི་རྣམ་གྲངས་ལས་ཡུལ་སྐོར་བའི་མྱོང་རོལ་མཐོ་རུ་བཏང་བ་དང་སྤ་སེ་ཕྱིར་ཚོང་ཡོང་འབབ་བརྒྱ་ཆའི30ལས་བརྒལ་ནས་འཕར་སྣོན་བྱུང་ཡོད། དགུན་དུས་ཡུལ་སྐོར་སོགས་རྣམ་གྲངས་ཀྱིས་སྐྱེ་ཁམས་ཐོན་ཁུངས་བེད་སྤྱོད་བྱེད་པའི་དུས་མཚམས་ནུས་ལྡན་ངང་རྒྱ་སྐྱེད་བཏང་སྟེ་དུས་ཚིགས་རང་བཞིན་གྱི་འཕར་ཆག་ཅུང་ཞི་ལྷོད་དུ་སོང་ཡོད།

ཏིང་འཛིན་མཚོ་མོས་བསྒྱུར།