མཚོ་ནུབ་ཁུལ་གྱིས་ཕན་ནུས་ཆེ་བའི་ཚོང་དོན་འཁོར་རྒྱུག་དྲ་བར་བརྟེན་ནས་ཚྭ་འདམ་གཞོང་གི་འཕང་འབྲས་གསར་པ་རྒྱལ་ཡོངས་སུ་འབྱོར་བར་རོགས་འདེགས་བྱས།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ད་ལྟའི་དུས་ནི་ཚྭ་འདམ་གཞོང་གི་འཕང་འབྲས་གསར་པ་བསྡུ་ལེན་བྱེད་ཀྱིན་པའི་སྒང་ཡིན། གསར་འགོད་པས་ཟླ8པའི་ཚེས27ཉིན་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཚོང་དོན་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མཚོ་ནུབ་ཁུལ་གྱིས་ཞིང་ལས་ཐོན་རྫས་འཁོར་རྒྱུག་དྲ་རྒྱ་ཡི་འཐུས་སྒོ་སྔར་ལས་ཇེ་ཚང་དུ་གཏོང་བ་དང་། གློག་རྡུལ་ཚོང་ལས་ཀྱི་ནུས་པ་མངོན་སུམ་ཇེ་མཐོར་གཏོང་བ། འཛད་སྤྱོད་རྣམ་པ་གསར་གཏོད་བྱེད་པ། སྤུས་རྟགས་དྲིལ་སྒྲོག་ལ་ཤུགས་སྣོན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཕན་ནུས་ཆེ་ཞིང་ཤར་གཏོང་ཐུབ་པའི་ཚྭ་འདམ་གཞོང་གི་འཕང་འབྲས་ཀྱི་དེང་རབས་ཚོང་དོན་འཁོར་རྒྱུག་མ་ལག་མགྱོགས་མྱུར་ངང་བཙུགས་ཏེ། ཐོན་ཡུལ་དང་འཁོར་རྒྱུག ཕྱིར་ཚོང་བཅས་ཀྱི་འབྲེལ་ལམ་ཧྲིལ་པོར་ཁྱབ་པའི་སྲིད་ཇུས་བྱེད་ཐབས་ཆ་ཚང་ཞིག་རིམ་བཞིན་གྲུབ་ཡོད།

མཚོ་ནུབ་ཁུལ་གྱིས་རྨང་གཞིའི་སྒྲིག་ཆས་ཀྱི་ཞན་ཆ་གསབ་པའི་ཐད། རྫོང་ཁོངས་ཚོང་ལས་མ་ལག་འཛུགས་སྐྲུན་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་ནས་ཆེད་ལས་ཅན་གྱི་འཕང་འབྲས་ཉོ་ཚོང་ཁྲོམ་ར2བསྐྲུན་པ་དང་། 2025ལོའི་རྫོང་ཁོངས་ཚོང་ལས་མ་ལག་འཛུགས་སྐྲུན་གྱི་བྱ་སྤྱོད་ལས་གཞི2རེ་ཞུ་བྱས་ནས། མཛོད་ཉར་དང་འཁྱག་ཉར་སོགས་ཚོང་ཟོག་ཅན་གྱི་ཐག་གཅོད་སྒྲིག་ཆས་བཀོལ་སྤྱོད་བྱེད་དུ་བཅུག དུས་མཚུངས་སུ། ཧྲུན་ཧྥུན་མྱུར་སྐྱེལ་དང་མཉམ་འབྲེལ་བྱས་ནས་ས་ཁོངས་རང་བཞིན་གྱི་གྲང་སྦྲེལ་ཟོག་འགྲེམས་ལྟེ་གནས་བསྐྲུན་ཏེ། ལས་གཉེར་དྲ་ཚིགས9བརྒྱུད་དེ། གསར་དུ་བཏོག་མ་ཐག་པའི་འཕང་འབྲས་གསར་པ་ཕན་ནུས་ཆེ་བའི་སྒོ་ནས་ཕྱིར་སྐྱེལ་ཐུབ་པ་མངོན་འགྱུར་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་གློག་རྡུལ་ཚོང་དོན་གྱི་བརྒྱུད་ལམ་དེ་འཕང་འབྲས་ཕྱིར་ཚོང་གི་ཁྱད་ཆོས་གསར་པ་ཞིག་ཏུ་གྱུར། ཉིན་འགའི་སྔོན་ལ་བསྡུས་པའི“2025ལོའི་ཚྭ་འདམ་གཞོང་གི་འཕང་འབྲས་གསར་པ་ཐོག་མར་འགྲེམས་པའི་འགོ་རྩོམ་མཛད་སྒོ་དང་ཐད་གཏོང་བ་གྲགས་ཅན་གྱིས་ཐོན་ཡུལ་ཁུངས་འདེད་བྱེད་པའི་བྱེད་སྒོའི”ནང་། སྒེར་དང་ཚོགས་པའི་ཐད་གཏོང་བ་གྲགས་ཅན11གདན་འདྲེན་ཞུས་ནས། ཚྭ་འདམ་གཞོང་གི་འཕང་འབྲས་ཀྱི་འབྱུང་ཁུངས་འདེད་པའི་ཐད་གཏོང་ནང་མི་ཁྲི་བརྒྱ་ལྷག་ཞུགས་ནས་ཡིད་དབང་ཅིག་ཅར་འཕྲོག་པ་དང་། ཚྭ་འདམ་གཞོང་གི་འཕང་འབྲས་གསར་པ་ཕྱིང་འཚོང་གི་མངག་ཐོ་ཁྲི5ལས་བརྒལ་བར་སྐུལ་ཁྲིད་བྱས། གཞན་ཡང་ས་གནས་དེ་གའི་འཕང་འབྲས་ཐོན་རྫས་སྣ་མང་ཅན་གྱི་འཛད་སྤྱོད་རྣམ་པའི་ཁྲོད་འདྲེས་བར་སྐུལ་འདེད་བཏང་བ་དང་། ཡུལ་སྐོར་ཞབས་ཞུའི་ས་ཚིགས56ལ་དངོས་ཟོག་མྱུར་སྐྱེལ་བྱེད་ས་བཙུགས་ཏེ། ཉིན་རེར་ཡུལ་སྐོར་བའི་ཐུམ་སྒྲིལ670ལྷག་བསྡུ་ལེན་བྱས་ནས་ཡུལ་སྐོར་བའི་ཉོ་སྒྲུབ་ཉམས་ལེན་གྱི་བསམ་པ་ཇེ་དྲག་ཏུ་བཏང་།

མཚོ་ནུབ་ཁུལ་གྱིས་སྤུས་རྟགས་དྲིལ་སྒྲོག་ལ་མུ་མཐུད་ཤུགས་བསྣན་ནས། ཁེ་ལས་རྩ་འཛུགས་བྱས་ཏེ། “ཚྭ་འདམ་གཞོང་གི་འཕང་འབྲས་རྒྱལ་ཡོངས་སུ་སྐོར་སྐྱོད་བྱེད་པ་ཞེས་པའི་ཧང་ཀྲོའུ་ཡི་ས་ཚིགས”དང་ཀྲུང་གོའི་ནུབ་རྒྱུད་ཀྱི་རྒྱལ་སྤྱིའི་དངུལ་གཏོང་ཚོང་གཏམ་གྲོས་ཚོགས་སོགས་བྱེད་སྒོ་སྣ་ཚོགས་ཁྲོད་ཞུགས་ཏེ། ཆེད་དོན་ངོ་སྤྲོད་དང་ཐབས་ལམ་སྦྲེལ་མཐུད་སོགས་ཀྱི་རྣམ་པ་བརྒྱུད་ནས། ཚྭ་འདམ་གཞོང་གི་འཕང་འབྲས་ཐོན་རྫས་ཀྱི་ཤུགས་རྐྱེན་མངོན་སུམ་གྱིས་ཆེ་རུ་གཏོང་བཞིན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།