
ཟླ8པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱིས་གཙོ་སྒྲུབ་བྱས་པའི2025ལོའི་མཐོ་སྒང་སྐྱེ་དངོས་སྨན་རྫས་ཀྱི་ཚན་རྩལ་གྲུབ་འབྲས་མཁོ་སྤྲོད་སྦྲེལ་མཐུད་ཚོགས་འདུ་ཟི་ལིང་དུ་བསྡུས།
མཚོ་སྔོན་ཞིང་ཆེན་གྱིས་གསར་གཏོད་འཕེལ་རྒྱས་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཐུན་མོང་མ་ཡིན་པའི་མཐོ་སྒང་སྐྱེ་ཁམས་དང་ཕུན་སུམ་ཚོགས་པའི་སྐྱེ་དངོས་ཐོན་ཁུངས་ལ་བརྟེན་ནས། སྐྱེ་དངོས་སྨན་རྫས་སོགས་ཁྱད་ལྡན་ཐོན་ལས་ལག་རྩལ་གསར་གཏོད་ལ་དམིགས་ཏེ། རྨང་གཞིའི་ཞིབ་འཇུག་དང་ལག་རྩལ་ཞིབ་སྤེལ། སྟེགས་བུ་གསོ་སྐྱོང་འཛུགས་སྐྲུན་སོགས་ཕྱོགས་ནས་ཕུལ་དུ་བྱུང་བའི་ཚན་རྩལ་གྲུབ་འབྲས་སྐོར་ཞིག་བླངས་ཏེ་ཞིང་ཆེན་ཡོངས་ཀྱི་སྐྱེ་དངོས་སྨན་རྫས་ཐོན་ལས་སྟོབས་ཆེན་དུ་གཏོང་བར་ཚན་རྩལ་གྱི་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱས།
ཧྲང་ཧའེ་ལག་རྩལ་བརྗེ་རེས་ཁང་གིས་ལག་རྩལ་སྦྲེལ་མཐུད་དང་བརྗེ་རེས། ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་ཀྱི་ཆེད་ལས་དགེ་མཚན་འདོན་སྤེལ་བྱེད་ཆེད། ཐེངས་འདིའི་སྦྲེལ་མཐུད་ཚོགས་འདུས་ཧྲང་ཧའེ་དང་མཚོ་སྔོན་གྱི་ཁུལ་ཁོངས་ལག་རྩལ་སྤོ་སྒྱུར་མཉམ་ལས་ལ་བརྟེན་ནས། མདོ་དབུས་མཐོ་སྒང་གི་སྐྱེ་དངོས་སྨན་རྫས་ལག་རྩལ་གསར་གཏོད་དགོས་མཁོ་དང་ཞིབ་སྤེལ་གྲུབ་འབྲས་ཚུལ་སྒྱུར་ལ་དམིགས་ཏེ། གྲུབ་འབྲས་སྦྲེལ་མཐུད་ཚོང་གཏམ་མཉམ་ལས་སྟེགས་བུ་བསྐྲུན་རྒྱུ་དམིགས་ཡུལ་དུ་བྱས་ནས། ཚན་རྩལ་གསར་སྐྲུན་ཐོན་ཁུངས་ཁུལ་ཁོངས་བརྒལ་ནས་འཁོར་རྒྱུག་བྱེད་པར་སྐུལ་འདེད་བཏང་།
བྱ་འགུལ་གྱིས་ལག་རྩལ་རྒྱུ་རྐྱེན་ཁྲོམ་རའི་འཚོལ་ཞིབ་དང་ལག་ལེན། བོད་ལུགས་གསོ་རིགས་རྒྱུན་འཛིན་གསར་གཏོད་སོགས་ཀྱི་བརྗོད་གཞིར་དམིགས་ནས། འབྲེལ་ཡོད་ཆེད་མཁས་པ་གདན་ཞུ་བྱས་ཏེ་བརྗོད་དོན་སྙན་ཞུ་ཕུལ་བ་དང་། མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་མི་རིགས་སློབ་ཆེན། ཧྲང་ཧའེ་ཡུའེ་ཞིན་སྐྱེ་དངོས་ཚན་རིག་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་ཟི་སོགས་སློབ་རིམ་སློབ་གྲྭ་དང་ཁེ་ལས་ཀྱི་འཐུས་མིས་མཐོ་སྒང་སྐྱེ་དངོས་སྨན་རྫས་ཁྱབ་ཁོངས་ཀྱི་ཚན་རྩལ་གྲུབ་འབྲས་གསར་པ་འགྲེམ་སྟོན་བྱས། དེ་དང་མཉམ་དུ། སྐྱེ་དངོས་ཚན་རྩལ་ཐོན་ལས་གླིང་གི་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་ཞབས་ཞུའི་སྟེགས་བུ་ཁྱབ་བསྒྲགས་བྱས་ཏེ། ཚན་རྩལ་གྲུབ་འབྲས་དང་ཁྲོམ་རའི་དགོས་མཁོའི་བར་འབྲེལ་ཟམ་བཙུགས་ནས། སྐྱེ་དངོས་སྨན་རྫས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ཡུལ་དངོས་ནས་ད་རུང་མཉམ་ལས་གྲོས་མཐུན་བཅུ་བཞི་ལ་གྲོས་མཐུན་བཀོད།
མཚོ་སྔོན་གྱིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་རོགས་ལས་སོགས་བྱ་བའི་ནང་རྐྱེན་ལ་བརྟེན་ནས། ཞིང་ཆེན་ཕྱིའི་ཚན་རྩལ་སྟོབས་ཤུགས་སྦྲེལ་མཐུད་མཉམ་ལས་ལ་ཤུགས་བསྣན་པ་དང་། ལག་རྩལ་མཉམ་འབྲེལ་མཁྲེགས་གཏོར་ལ་སྐུལ་འདེད་དང་ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་ཚུལ་སྒྱུར་ལ་སྐུལ་སྤེལ་བྱས་ཏེ། ཤར་གྱི་ལག་རྩལ་ནུབ་ཏུ་སྤྱོད་པ་དང་ནུབ་ཀྱི་ལག་རྩལ་ཤར་དུ་སྤྱོད་པའི་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་གྱི་རྣམ་པ་གསར་པ་བསྐྲུན་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་དང་འཕེལ་རྒྱས་སུ་བཏང་།
ལྷ་མོ་ཚེ་རིང་གིས་བསྒྱུར།