
ཟླ8པའི་ཚེས26ཉིན་བར་དུ། རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་མཚོ་སྔོན་མར་སྟེང་ཆུ་གློག་ས་ཚིགས་ཀྱིས་ལོ་རེར་བསྡོམས་རྩིས་བྱས་ན་གློག་འདོན་ཚད་སྟོང་ཝ་དུང་ཕྱུར30ལས་བརྒལ་ནས་དུས་མཉམ་ལས116.29%འཕར་ཏེ་ལོ་རྒྱུས་ཀྱི་མཐོ་ཚད་གསར་པ་བསྐྲུན། ལམ་ཚད་རྡོ་རིང་ལྟ་བུའི་གྲུབ་འབྲས་དེའི་སྟེང་ནས། ལྷད་མེད་ནུས་ཁུངས་འཕེལ་རྒྱས་དང་ཐོན་སྐྱེད་ཚོང་གཉེར་བྱེད་ཐབས་ཐད་གྲུབ་འབྲས་མངོན་གསལ་ཅན་བླངས་པ་དང་། རྒྱལ་ཁབ་ཀྱི་ནུས་ཁུངས་བདེ་འཇགས་འགན་ལེན་དང“ཐཱན་གཉིས”ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་བྱས་རྗེས་གལ་ཆེན་བཞག་ཡོད་པ་མཚོན་ཐུབ།
མར་སྟེང་ཆུ་གློག་ས་ཚིགས་ཀྱིས་ཐོན་སྐྱེད་བྱེད་མགོ་བརྩམས་པ་ནས་བཟུང་། ཐོག་མཐའ་བར་གསུམ་དུ་བདེ་འཇགས་ཡིན་ལ་ཕན་ནུས་ཆེ་བའི་འཁོར་སྐྱོད་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། འཕྲུལ་འཁོར་ཚན་པའི་འཁོར་སྐྱོད་བྱེད་སྟངས་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། སྒྲིག་ཆས་ཀྱི་སྲུང་སྐྱོབ་དོ་དམ་ལ་ཤུགས་སྣོན་པ། བློ་རིག་ཅན་གྱི་ཆུ་གློག་ས་ཚིགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་བྱེད་ཐབས་སྣ་མང་བརྒྱུད་དེ། གློག་འདོན་ལས་ཆོད་དང་འཁོར་སྐྱོད་ཀྱི་བློ་གཏད་ཆོག་པའི་རང་བཞིན་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། ས་བབ་མཐོ་ལ་རྙོག་འཛིང་ཆེ་བའི་ཁོར་ཡུག་སོགས་ཀྱི་འགྲན་རྩོད་མདུན་དུ། ཆུ་གློག་ས་ཚིགས་ཀྱིས་ཚན་རིག་དང་མཐུན་པའི་བཀོད་གཏོང་དང་དོ་དམ་ཞིབ་ཚགས་བྱས་ནས། འཕྲུལ་འཁོར་ཚན་པའི་ལས་སྒྲུབ་རྣམ་པ་ཆེས་བཟང་ཤོས་ཀྱི་འོག་ཏུ། འཁོར་སྐྱོད་ཐུབ་པར་འགན་ལེན་བྱས་ནས་གློག་འདོན་ཚད་མཐོ་རླབས་སུ་སོན་པར་རྨང་གཞི་བརྟན་པོ་བཏིངས།
སྟོང་ཝ་དུང་ཕྱུར30ཡི་གློག་ནུས་གཙང་མ་མཁོ་འདོན་བྱས་པའི་རྒྱབ་རོལ་ཏུ། ཁོར་ཡུག་སྲུང་སྐྱོབ་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཧ་ཅང་ཆེན་པོ་ལྡན། རྡོ་སོལ་ཚད་ལྡན་ཏུན་འབུམ་དགུ་ཙམ་གྲོན་ཆུང་བྱས་པ་དང་མཚུངས་ལ། དབྱང་གཉིས་ཐཱན་རྫས་ཕྱིར་འདོད་ཚད་ཏུན་ས་ཡ་གཉིས་དང་འབུམ་བཞི་ལྷག་ཇེ་ཉུང་དུ་བཏང་བ་དང་འདྲ་བར་བརྟེན། ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་ལྷད་མེད་འཕེལ་རྒྱས་གཏོང་རྒྱུར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།