
ཉེ་ལམ། མཚོ་སྔོན་ཞིང་ཆེན་མེ་ཟོན་རོགས་སྐྱོར་ཅུའུ་དང་། མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག19མཉམ་འབྲེལ་སྒོས《བོད་བརྒྱུད་ནང་བསྟན་གྱི་དགོན་པའི་མེ་ཟོན་བདེ་འཇགས་ནུས་པའི་འཛུགས་སྐྲུན་ལ་སྔར་བས་ཤུགས་འདོན་པའི་སྐོར་གྱི་འཛུབ་སྟོན་བསམ་འཆར》ཞེས་པ་པར་འགྲེམ་བྱས་པ་དང་། ཕྱོགས་ཡོངས་ནས་དགོན་པའི་མེ་ཟོན་བདེ་འཇགས་ཀྱི་སྦྲེལ་ཐག་ཧྲིལ་བོའི་དོ་དམ་ལ་ཤུགས་བསྣན་ཏེ། ཆོས་ལུགས་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱས།
《བོད་བརྒྱུད་ནང་བསྟན་གྱི་དགོན་པའི་མེ་ཟོན་བདེ་འཇགས་ནུས་པའི་འཛུགས་སྐྲུན་ལ་སྔར་བས་ཤུགས་འདོན་པའི་སྐོར་གྱི་འཛུབ་སྟོན་བསམ་འཆར》ལས་བྱེད་ཐབས་གཙོ་བོ་འགའ་གསལ་བོར་བསྟན་ཡོད་ལ། མེ་ཟོན་གྱི་རྨང་གཞིའི་འཛུགས་སྐྲུན་ཕྱོགས་ནས། རིག་དངོས་སྲུང་སྐྱོབ་དགོན་པར་གློག་ཤུགས་མེ་སྐྱོན་ལ་ལྟ་རྟོག་བྱེད་པའི་གློག་མིག་དང་རང་འགུལ་ཉེན་བརྡ་གཏོང་བའི་མ་ལག་འཛུགས་པ་དང་། མེ་ཟོན་ལ་ཆུ་འདོན་སྤྲོད་བྱེད་པའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། མིག་སྔར་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ས་ཡ་གསུམ་བཏང་སྟེ་རྨང་གཞིའི་ཆ་རྐྱེན་ལེགས་བཅོས་བྱས་ཡོད། ཉེན་ཁའི་འགོག་སྲུང་ཤུགས་ཆེར་གཏོང་བ། དགོན་པའི་ཉེ་འགྲམ་གྱི་འཛུགས་སྐྲུན་ལ་ཞིབ་བཤེར་ནན་མོ་བྱས་ཏེ། མེ་ཟོན་གྱི་སྤུས་ཞན་ཐོན་རྫས་ལ་རྡུང་རྡེག་གཏོང་བ་དང་། མེ་སྐྱོན་འབྱུང་སླ་བའི་རིགས་ཀྱི་བྱ་བ་ཚད་ལྡན་དུ་གཏོང་བ། དངོས་ལུགས་འགོག་སྲུང་དང་ལག་རྩལ་འགོག་སྲུང་གི་བྱེད་ཐབས་གསར་གཏོད་བྱས་ཏེ། རྡོ་སོལ་གློག་བསྒྱུར་དང་། རྡོ་སོལ་རླངས་བསྒྱུར་ཁྱབ་སྤེལ་བྱེད་པ་དང་། རིག་ནུས་མེ་ཟོན་སྒྲིག་ཆས་ནང་འདྲེན་བྱེད་པ། གསོ་སྦྱོང་སློབ་གསོ་རྒྱ་བསྐྱེད་བྱས་ཏེ། བོད་སྐད་ཀྱི་ནང་བསྟན་སློབ་གླིང་དུ་མེ་ཟོན་སློབ་ཁྲིད་བཀོད་སྒྲིག་བྱེད་པ་དང་། གྲྭ་བ་རྩ་འཛུགས་བྱས་ཏེ་ལག་ལེན་སློབ་སྦྱོང་བྱེད་པ། འཕྲལ་དོན་རུ་ཁག་སྟོབས་ལྡན་དུ་གཏོང་བ་དང་། དགོན་པ་ཆེ་ཁག་དུ་མེ་ཟོན་རོགས་སྐྱོར་ས་ཚིགས་སམ་མེ་ཟོན་ས་ཚིགས་ཆུང་བ་འཛུགས་སྐྲུན་བྱས་ཏེ། དུས་ཚོད་ངེས་གཏན་ནང་ལག་རྩལ་འགྲན་བསྡུར་སྤེལ་དགོས།
རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱིས་མེ་ཟོན་བདེ་འཇགས་དོ་དམ་ཚད་ལྡན་ཅན་གྱི་དཔེ་སྟོན་དགོན་པ་འཛུགས་བྱེད་རྒྱུ་ཡིན་པར་མ་ཟད། ཞིང་ཆེན་ཡོངས་ནས་ཡུལ་དངོས་ཚོགས་འདུ་བསྡུས་ཏེ་ལྟ་སྦྱོང་དང་ཁྱབ་བརྡལ་བྱས་ཏེ། 《བོད་བརྒྱུད་ནང་བསྟན་གྱི་དགོན་པའི་མེ་ཟོན་བདེ་འཇགས་ནུས་པའི་འཛུགས་སྐྲུན་ལ་སྔར་བས་ཤུགས་འདོན་པའི་སྐོར་གྱི་འཛུབ་སྟོན་བསམ་འཆར》གྱི་བྱེད་ཐབས་ཁག་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།