
ཉེ་ལམ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྗོང་གི་ལས་ཞུགས་ཞབས་ཞུ་ཅུའུ་ཡིས་མདའ་བཞི་རྫོང་གི་ལས་སྐྲུན་རྟེན་གཞི་རུ2025ལོའི་མཐོ་རིམ་མཐར་ཕྱིན་སློབ་མའི་སྤྱི་ཕན་གསོ་སྦྱོང་བྱ་འགུལ་སྤེལ་བ་དང་། ཐེངས་འདིའི་གསོ་སྦྱོང་གི་དུས་ཡུན་ཉིན་བཅུ་གཉིས་ཡིན་ལ། རྫོང་ཡོངས་ཀྱི་མཐོ་རིམ་མཐར་ཕྱིན་སློབ་མ་ལྔ་བཅུ་ལྷག་གསོ་སྦྱོང་ལ་ཞུགས།
ཐེངས་འདིའི་སྤྱི་ཕན་གསོ་སྦྱོང་འཛིན་གྲྭས་སྐད་འཕྲིན་སྤྱི་སྟེགས་སོགས་བྱེད་ཐབས་མང་པོ་བརྒྱུད་དེ་དྲིལ་སྒྲོག་སྐུལ་སློང་བྱས་པ་དང་། བསྡོམས་པས་རེ་ཞུའི་མིང་ཐོ་ལྔ་བཅུ་ལྷག་འབྱོར། དེ་དང་མཉམ་དུ། རྫོང་ལས་ཞུགས་ཞབས་ཞུ་ཅུའུ་ཡིས་མིག་སྔར་གྱི་ལས་ཞུགས་ཁྲོམ་རའི་དགོས་མཁོ་དང་མདའ་བཞི་རྫོང་གི་མཐོ་རིམ་མཐར་ཕྱིན་སློབ་མའི་དངོས་ཡོད་གནས་ཚུལ་ཟུང་འབྲེལ་བྱས་ཏེ། གཞི་གྲངས་དཔལ་འབྱོར་རྩལ་ནུས་དང་ལས་གནས་ནུས་པ་ཆེ་རུ་གཏོང་བའི་གསོ་སྦྱོང་གི་རིགས་ཆེན་པོ་གཉིས་བཀོད་སྒྲིག་བྱས་པ་དང་། དེ་སྨྱན་བྱད་གསར་པའི་ལས་གཉེར་དང་གློག་རྡུལ་ཚོང་དོན་ཐད་ཀྱི་ལག་ལེན་སོགས་ནང་དོན་མང་པོར་ཁྱབ་པར་བྱས་ནས། གསོ་སྦྱོང་གི་ནང་དོན་དང་ལས་ཞུགས་ཁྲོམ་ར་སྦྲེལ་མཐུད་ཟབ་མོ་བྱེད་པར་འགན་སྲུང་བྱས།
ཐེངས་འདིའི་གསོ་སྦྱོང་ནི་མཐོ་རིམ་མཐར་ཕྱིན་སློབ་མ་བདེ་བླག་ངང་ལས་ཞུགས་བྱེད་པར་རོགས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། སློབ་གསོའི་གསོ་སྦྱོང་སྡེ་ཁག་གི་དགེ་རྒན་གདན་ཞུ་བྱས་ནས་སློབ་ཁྲིད་བྱེད་དུ་བཅུག་སྟེ། གསོ་སྦྱོང་ལ་ཞུགས་པའི་སློབ་མ་རྣམས་ལ་སློབ་སྦྱོང་དང་ལས་ཞུགས་རྩལ་ནུས་མཐོར་འདེགས་གཏོང་བའི་གོ་སྐབས་རྩ་ཆེན་འདོན་སྤྲོད་བྱས། སློབ་མའི་འཐུས་མིས་གཏམ་བཤད་སྐབས། གསོ་སྦྱོང་གི་སྒྲིག་ལམ་བརྩི་བསྲུང་ནན་མོ་བྱེད་པ་དང་། རྩལ་ནུས་སློབ་སྦྱོང་བཟང་བོ་བྱས་ཏེ། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རེ་བ་སྟོང་ཟད་དུ་མི་གཏོང་ཞེས་བསྟན།
གསོ་སྦྱོང་མཇུག་སྒྲིལ་རྗེས། རྫོང་ལས་ཞུགས་ཞབས་ཞུ་ཅུའུ་ཡིས་དཔྱད་ཞིབ་ཀྱི་ཚད་ལོངས་པའི་སློབ་མ་རྣམས་ལ་གསོ་སྦྱོང་མཇུག་སྒྲིལ་བའི་འཛིན་ཡིག་བྱིན་ནས། མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ཐད་འོས་འཚམ་གྱི་ལས་གནས་འདོན་སྤྲོད་བྱ་རྒྱུ་ཡིན་པ་མ་ཟད། དྲ་ཐོག་གི་མི་བསྡུ་ཚོགས་འདུ་བཀོད་སྒྲིག་བྱ་རྒྱུ་རེད། དེ་དང་མཉམ་དུ། སློབ་མའི་ལས་ཞུགས་རྗེས་འདེད་ཞབས་ཞུའི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། གསོ་སྦྱོང་ལ་ཞུགས་པའི་སློབ་མ་རྣམས་ལ་ལས་གནས་འོས་སྦྱོར་དང་ལས་རིགས་མཛུབ་སྟོན། སྲིད་ཇུས་བློ་འདྲི་སོགས་ཕྱོགས་ཡོངས་ཀྱི་ལས་ཞུགས་ཞབས་ཞུ་མུ་མཐུད་དུ་འདོན་སྤྲོད་བྱ་རྒྱུ་རེད།
རྫོང་ལས་ཞུགས་ཞབས་ཞུ་ཅུའུ་ཡིས་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་གནས་ཚུལ་ལ་དོ་ཁུར་ཟབ་མོ་བྱས་ཏེ། ཁྲོམ་རའི་དགོས་མཁོ་དང་མཐར་ཕྱིན་སློབ་མའི་རེ་འདུན་ལྟར། དུས་བབ་དང་བསྟུན་ནས་རྣམ་པ་སྣ་མང་གི་ལས་ཞུགས་ལས་སྐྲུན་ཞབས་ཞུའི་བྱ་འགུལ་སྤེལ་ཏེ། རྫོང་ཁོངས་ཀྱི་མཐོ་རིམ་མཐར་ཕྱིན་སློབ་མ་ལས་ཞུགས་བྱེད་པར་ནུས་ཡོད་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱ་རྒྱུ་རེད།
ལྷ་མོ་ཚེ་རིང་གིས་བསྒྱུར།