ན་གོར་མོ་གྲོང་ཁྱེར་གྱིས་འགོ་ཁྲིད་ལས་བྱེད་པ་ལས་གནས་ནས་འབུད་པའི་རྩིས་སྤྲོད་ལམ་ལུགས་བཟོ་བཅོས་བྱས་ཏེ་ཕྱིར་བཏོན།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 17

ཟླ8པའི་ཚེས25ཉིན་བར།   མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱིས་བསྡོམས་པས་འགོ་ཁྲིད་ལས་བྱེད་པ་བདུན་གྱི་ལས་གནས་ནས་འབུད་པའི་རྩིས་སྤྲོད་བྱ་བ་ཡོངས་འགྲུབ་བྱས།

དེ་སྔའི་འགོ་ཁྲིད་ལས་བྱེད་པ་ལས་གནས་ནས་འབུད་པའི་རྩིས་སྤྲོད་བྱ་བའི་ཐད་ཀྱི་མི་འདང་ས་དང་གནད་དོན་ལ་དམིགས་ནས།    ན་གོར་མོ་གྲོང་ཁྱེར་གྱིས་འགོ་ཁྲིད་ལས་བྱེད་པ་ལས་གནས་ནས་འབུད་པའི་རྩིས་སྤྲོད་ལམ་ལུགས་བསྐྱར་དུ་བཟོ་བཅོས་བྱས་ཏེ་ཕྱིར་བཏོན་ནས།   འགོ་ཁྲིད་ལས་བྱེད་པ་ལས་གནས་ནས་འབུད་པའི་རྩིས་སྤྲོད་བྱ་བ་སྔར་ལས་ཚད་ལྡན་དང་འཐུས་ཚང་དུ་བཏང་།

གྲོང་ཁྱེར་ཐད་གཏོགས་སྡེ་ཁག་སོ་སོ་དང་།  ཡུལ་ཚོ་དང་གྲོང་རྡལ་གྱི་སྲང་ལམ།   གྲོང་ཁྱེར་ཁོངས་གཏོགས་ཀྱི་རྒྱལ་དབང་ཁེ་ལས་སོགས་ཀྱི་འགོ་ཁྲིད་གཙོ་བོ་ལས་གནས་ནས་ཕྱིར་འབུད་པའི་རྩིས་སྤྲོད་ཁྱབ་ཁོངས་སུ་འཇོག་པ་དང་།    རྩིས་སྤྲོད་ཀྱི་ནང་དོན་ཐད་ནས་ལས་རིགས་ཁྱབ་ཁོངས་དང་འགན་འཁྲི།   དོ་དམ་དབང་ཚད་སོགས་ལས་གནས་ཁྱད་ཆོས་ལ་ཕྱོགས་བསྡུས་བསམ་གཞིགས་བཏང་སྟེ།   དོ་དམ་འགན་འཁྲི་དང་དཔལ་འབྱོར་འགན་འཁྲི་ཕྱོགས་གཉིས་ཀྱི་ཐད་ནས་བྱེ་བྲག་གི་རྩིས་སྤྲོད་དོན་ཚན་ཉི་ཤུ་བཟོས་པ་དང་།   སྔར་ཡོད་ཀྱི་མི་དང་རྒྱུ་ནོར།   དངོས་པོ་རྩིས་སྤྲོད་དོན་ཚན་གྱི་རྨང་གཞིའི་སྟེང་།  སྐོར་ཞིབ་དང་དཔལ་འབྱོར་འགན་འཁྲིའི་རྩིས་བཤེར།  ཁོར་སྲུང་ལྟ་སྐུལ་ཐད་ཀྱི་ཕྱིར་ལྡོག་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ་དང་།    འཕྲིན་བཅར་གནད་དོན་ཐག་གཅོད་སོགས་ནང་དོན་བདུན་གསར་དུ་ཁ་སྣོན་བྱེད་རྒྱུ་རེད།

ལས་གནས་ནས་འབུད་མཁན་དང་ལས་གནས་སྟེང་ཞུགས་མཁན་ཕྱོགས་གཉིས་ཀྱིས་ན་གོར་མོ་གྲོང་ཁྱེར་གྱི་འགོ་ཁྲིད་ལས་བྱེད་པ་ལས་གནས་ནས་འབུད་པའི་རྩིས་སྤྲོད་གསལ་ཁྲ་བྲིས་ནས།   ལས་ཀའི་བཅོ་ལྔའི་ནང་དུ་རྩིས་སྤྲོད་བྱ་བ་ཡོངས་འགྲུབ་བྱེད་དགོས་པར་མ་ཟད།    གསལ་ཁྲ་དེ་མངག་སྡོད་སྒྲིག་ཁྲིམས་ཞིབ་བཤེར་ཚན་ཆུང་དང་རྩ་འཛུགས་སྡེ་ཁག རྩིས་བཤེར་སྡེ་ཁག་ལ་སྤྲད་དེ་ཡིག་ཚགས་ནང་བཅུག་ནས་ཞིབ་བཤེར་བྱེད་དུ་འཇུག་དགོས།     ལས་གནས་ནས་འབུད་པའི་རྩིས་སྤྲོད་བྱ་བ་དེ་ལས་བྱེད་པ་འདེམ་བསྐོ་བྱ་བའི་བརྒྱུད་རིམ་ནང་བཅུག་ནས།   འགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་སྤུས་ཚད་ལ་ལྟ་ཞིབ་བྱེད་པ་སོགས་ཀྱི་དཔྱད་གཞི་གཙོ་བོར་བརྩིས་ནས་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་རེད།

ལྷ་མོ་ཚེ་རིང་གིས་བསྒྱུར།