མཚོ་སྔོན་གྱིས་གྲོང་ཁྱེར་དང་ཁུལ་རིམ་པའི་ས་གཤིས་གནོད་འཚེ་འགོག་བཅོས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་བཏོན།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ8པའི་ཚེས29ཉིན། གསར་འགོད་པས་མཚོ་ཤར་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 《མཚོ་ཤར་གྲོང་ཁྱེར་གྱི་ས་གཤིས་གནོད་འཚེ་སྔོན་འགོག་དང་བཅོས་སྐྱོང་སྐོར་གྱི་སྲོལ་ཡིག》ཅེས་པར་མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པའི་སྟེང་དངོས་སུ་ཞིབ་བཤེར་ཆོག་མཆན་ཐོབ་པ་དང་། 《སྲོལ་ཡིག》དེ་ཟླ9པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད། འདི་ནི་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་རིམ་པའི་ས་གཤིས་གནོད་འཚེ་འགོག་བཅོས་ཐད་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་རེད། 《སྲོལ་ཡིག》ཁྱབ་སྒྲོག་ལག་བསྟར་བྱས་པ་དེས། མཚོ་ཤར་གྲོང་ཁྱེར་གྱི་ས་གཤིས་གནོད་འཚེ་བཅོས་སྐྱོང་ལས་དོན་ལ་ཁྲིམས་ལྟར་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཐད་དོན་སྙིང་ཆེན་པོ་ལྡན།

《སྲོལ་ཡིག》ལ་ཁྱོན་བསྡོམས་དོན་ཚན་སུམ་ཅུ་ཡོད་པ་དང་། ནང་དོན་ལ་ཁྲིམས་འཛུགས་དམིགས་ཡུལ་དང་སྤྱད་འཐུས་ཁྱབ་ཁོངས། རྩ་དོན་བཅས་ཁ་གསལ་བཟོས་ཏེ། གྲོང་ཁྱེར་དང་རྫོང་། ཆུས་བཅས་ཀྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁྲི་གསལ་པོ་བཟོས་ནས། ལས་ཁུངས་དང་མི་སྒེར་གྱིས་སྲོལ་ཡིག་གི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་ལ་བཅའ་ཁྲིམས་ཀྱི་འགན་འཁྲི་བཟོས་ནས་འཕྲལ་བསྟུན་ཉེན་གཡོལ་བྱེད་ཐབས་ལ་ཤུགས་བསྣན། ས་གཤིས་གནོད་འཚེ་སྔོན་འགོག་དང་བཅོས་སྐྱོང་ལས་དོན་ཚད་ལྡན་དུ་བཏང་སྟེ། ས་གཤིས་གནོད་འཚེ་སྔོན་འགོག་དང་བཅོས་སྐྱོང་འཆར་འགོད་བཟོ་འགོད་དང་བརྟག་དཔྱད་གདེང་འཇོག་བྱེད་པ། ཉེན་ཁ་ཡོད་པའི་ས་ཁོངས་དབྱེ་འབྱེད་བྱེད་པ་བཅས་ནས། ལྟ་ཞིབ་ཚད་ལེན་སྒྲིག་ཆས་སྒྲིག་སྦྱོར་དང་། གནོད་འཚེ་སྔོན་འགོག་དང་ཉེན་འགོག་གི་གསལ་བྱང་སྤྲོད་པ། ཉེན་འགོག་གནས་སྤོ་བྱེད་པ་སོགས་ཀྱི་ཐད་གཏན་འབེབས་ཞིབ་ཕྲ་བྱས་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།