མཚོ་སྔོན་གྱིས2025ལོའི་དབང་འཛུལ་ཚོང་རྫས་དང་ཚོང་རྫས་རྫུན་མ་མེད་པར་བཟོ་བའི་འགུལ་སྐྱོད་སྤེལ།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 19

ཟླ8པའི་ཚེས29ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། དབང་གནོད་དང་རྫུན་བཟོ་ལ་རྡུང་རྡེག་གཏོང་བའི་བྱ་བའི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་བཏང་ནས། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་ཡག་པོ་ཐོབ་ཆེད། ཉེ་ལམ། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་སྤུས་ཚད་ལྡན་པའི་ཞིང་ཆེན་སྟོབས་ལྡན་བསྐྲུན་པའི་མཐུན་སྦྱོར་སྐུལ་སྤེལ་འགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་སོ་སོ་དང་མཉམ་འབྲེལ་སྒོས་རྩ་འཛུགས་བྱས་ཏེ། 2025ལོའི་ཞིང་ཆེན་ཡོངས་ཀྱི་དབང་གནོད་ཚོང་རྫས་དང་ཚོང་རྫས་རྫུན་མ་མེད་པར་བཟོ་བའི་འགུལ་སྐྱོད་སྤེལ།

དབང་གནོད་དང་ཚོང་རྫས་རྫུན་མའི་རིགས་མེད་པར་བཟོ་བའི་འགུལ་སྐྱོད་བྱ་བས་ཁྲིམས་མཐུན་ཐག་གཅོད་དང་མེད་པར་བཟོ་འོས་པ་ཡོངས་སུ་མེད་པར་བཟོ་བ། གནོད་མེད་སྒོས་མེད་པར་བཟོ་བ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། སྤྱི་བདེ་དང་། ཁྲོམ་ར་ལྟ་སྐུལ་དོ་དམ། སྒོ་ཁྲལ་སོགས་སྡེ་ཁག་གིས་རྩད་ཆོད་པའི་རིགས་སོ་སོའི་དབང་གནོད་དང་དངོས་ཟོག་རྫུན་མ་ཏུན90ལྷག་མེད་པར་བཟོས་ཤིང་། དེའི་ཁྲོད་དུ་ཟས་རིགས་དང་། རྒྱུན་བཀོལ་དངོས་རྫས། ཁྲིམས་འགལ་པར་འགྲེམ་དངོས་རིགས། སྒྲ་བརྙན་སྒྲིག་སྦྱོར་རིགས་སོགས་ཁྱབ་ཁོངས་མང་པོ་འདུས་ཡོད་ལ། རིན་ཐང་སྒོར་ས་ཡ་གསུམ་ལ་སླེབས་ཡོད། ཐེངས་འདིའི་འགུལ་སྐྱོད་ཀྱིས་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་ཚད་གཞི་བརྩི་སྲུང་ནན་མོ་དང་བྱང་ཆ་ལྡན་པའི་ཆེད་ལས་ལས་ཁུངས་ལ་མངགས་བཅོལ་བྱས་ཏེ། ཞིག་པ་དང་གཏོར་བ། མེར་བསྲེག་པ་སོགས་ཚན་རིག་དང་མཐུན་ཞིང་གནོད་པ་མེད་པའི་ཐབས་ལམ་སྤྱད་ནས་ཐག་གཅོད་བྱས་ཤིང་། ཡང་བསྐྱར་གནོད་པ་ཐེབས་པ་གཏན་འགོག་བྱས་ནས་མེད་པར་བཟོ་བའི་བརྒྱུད་རིམ་བདེ་འཇགས་དང་ཁོར་ཡུག་སྲུང་སྐྱོབ་དང་མཐུན་པར་ཁག་ཐེག་བྱས། དུས་མཉམ་དུ། མེད་པར་བཟོ་བའི་བརྒྱུད་རིམ་ཡོངས་བརྙན་ཕབ་བྱས་པར་མ་ཟད། སྨྱན་སྦྱོར་དང་སྤྱི་སྟེགས་ཀྱི་འཐུས་མིས་གདན་ཞུས་ལྟར་ལྟ་སྐུལ་བྱས་པས། སྲིད་གཞུང་སྡེ་ཁག་གིས་དབང་གནོད་རྫུན་བཟོའི་བྱ་བར་རྡུང་རྡེག་ནན་མོ་གཏོང་བ་དང་། འདྲ་མཉམ་གྱི་འགྲན་རྩོད་ཁྲོམ་རའི་སྒྲིག་རིམ་སྲུང་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་ནུས་ལྡན་སྒོས་མངོན་པར་བྱས་ཤིང་། ཁྲིམས་འགལ་ནག་ཉེས་བཟོ་བར་འཇིགས་སྣང་བཟོས།

ད་ལོར། ཞིང་ཆེན་ཡོངས་ཀྱི་དབང་གནོད་ཚོང་རྫས་དང་ཚོང་རྫས་རྫུན་མ་མེད་པར་བཟོ་བའི་བྱ་བར་གྲུབ་འབྲས་མངོན་གསལ་བླངས། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོའི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་འབྲེལ་ཡོད་ཁྲིམས་བསྟར་སྡེ་ཁག་དང་མཉམ་འབྲེལ་སྒོས་ཉིན་རྒྱུན་གྱི་ལྟ་སྐུལ་དང་། ཆེད་དོན་བཅོས་སྐྱོང་། འཐེན་བཤེར་ཟུང་། ཁུངས་སྣེ་འཚོལ་ཞིབ་སོགས་བྱེད་ཐབས་སྣ་མང་སྤྱད་པ་བརྒྱུད། དབང་གནོད་ཚོང་རྫས་དང་ཚོང་རྫས་རྫུན་མའི་རིགས་བཅོས་སྐྱོང་བྱ་བ་མུ་མཐུད་གཏིང་ཟབ་ཏུ་སྤེལ། མིག་སྔའི་བར་དུ། ཞིང་ཆེན་ཡོངས་སུ་བསྡོམས་པས་དབང་གནོད་དང་ཚོང་རྫས་རྫུན་མའི་རིགས་ཆེ་གྲས་བཅུ་དང་རིགས་སྣ་དོན་དགུ་ལྷག་མེད་པར་བཟོས་ཤིང་། སྤྱིའི་རིན་ཐང་སྒོར་ས་ཡ་བདུན་འབུམ་བརྒྱད་ལ་སླེབས་ཡོད་ལ། ཁྲོམ་རའི་ཁོར་ཡུག་གཙང་མར་བསྒྱུར་བའི་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།